ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སིལ་ཏོག་གི་ཆ་ཤས་ཤིག་རུལ་སོང་ན་ལྷག་མ་དག་ད་དུང་ཟ་ཆོག་གམ།

2019-10-25 09:10:00     责编:卓玛才让

སིལ་ཏོག་ནང་དུ་འཚོ་བཅུད་ཕུན་སུམ་ཚོགས་པ་འདུས་ཡོད་པ་དང་།

མི་མང་པོ་ཞིག་ཟ་རྒྱུར་ཧ་ཅང་དགའ་བས།

རྒྱུན་པར་བསམ་བློ་མི་གཏོང་བར་མང་པོ་ཞིག་ཉོས་ནས་ཁྱིམ་དུ་འཁྱེར་འགྲོ།

འོན་ཀྱང་ཉོ་ཡས་མང་དྲགས་ན་འཕྲོ་བརླག་འགྲོ་སླ་བས།

ཆ་ཤས་ཤིག་ལ་སྐྱོན་བྱུང་ན་ཚང་མ་གཡུགས་དགོས་ཚེ་ཕངས་བ་ཞིག་རེད།

དེ་བས་མི་མང་པོ་ཞིག་གིས་རྒྱུན་དུ།

རུལ་སོང་བའི་ཆ་དེ་བླངས་ནས་ལྷག་མ་དག་ཟ་བ་རེད།

 

གྲོན་ཆུང་བྱེད་པ་ནི་སྤྱིར་ན་གོམས་གཤིས་བཟང་པོ་ཞིག་རེད།

འོན་ཀྱང་ཅུང་རུལ་ཡོད་པའི་ཤིང་ཏོག་དེ།

དངོས་གནས་ད་དུང་མུ་མཐུད་དུ་ཟ་ཆོག་གམ།

གཞན་ད་དུང་མི་ལ་ལས།

སིལ་ཏོག་འབོར་ཆེན་ཚོང་རར་འདོན་པའི་དུས་ཚིགས་འདས་རྗེས།

“དྲོད་ཁང་ནང་བཏབ་པའི་ཤིང་ཏོག”དེ་དག་གི་བདེ་འཇགས་རང་བཞིན་ཅི་འདྲ་ཡིན་ནམ།

ཟས་ན་གནོད་པ་ཡོད་དམ་འདོད་བཞིན་ཡོད།

 

དེ་རིང་།

ང་ཚོས་སིལ་ཏོག་དང་འབྲེལ་བའི་དོགས་གཞི་དེ་དག་གསལ་བཤད་གསལ་བོ་བྱེད།

སིལ་ཏོག་རུལ་སོང་ན།

ལྷག་མ་རྣམས་ད་དུང་ཟ་ཆོག་གམ།

སིལ་ཏོག་རུལ་དོན་ནི་ཕལ་ཆེར་གཤམ་གྱི་རྒྱུ་རྐྱེན་གསུམ་གྱིས་བཟོས་པ་ཡིན་ངེས།

 

1.འཕྲུལ་ཆས་ཀྱིས་རྨས་སྐྱོན་ཐེབས་པ།

     སིལ་ཏོག་བཏོག་བསྡུ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་གོ་རིམ་ཁྲོད་བཙིར་གནོན་དང་རྡབ་རྡེག བརྡར་སྐྱོན་སོགས་བྱུང་བའི་རྒྱུ་རྐྱེན་གྱིས། སིལ་ཏོག་གི་ཕྱི་ཤུན་ལ་གནོད་སྐྱོན་ཐེབས་སྲིད།

འཕྲུལ་ཆས་ཀྱིས་གནོད་སྐྱོན་ཐེབས་པའི་སིལ་ཏོག་ནི་སེམས་བདེ་མོས་ཟོས་ཆོག

    གནོད་སྐྱོན་དེ་རིགས་ནི་སིལ་ཏོག་གི་ཕྱིའི་མཛེས་ཉམས་ལ་གནོད་པ་ཐེབས་པ་ཙམ་ཡིན་པས། (མདོག་འགྱུར་དོན་ནི་རྡབ་རྡེག་བྱུང་བའི་གོ་རིམ་ཁྲོད་སིལ་ཏོག་གི་ཕུང་རྫས་ཕྱི་ལ་བཞུར་བ་དང་། མདོག་མེད་ཧྥུན་རིགས་ཀྱི་དངོས་པོ་དེ་མདོག་ལྡན་ཁུན་རིགས་སུ་གྱུར་བའི་རྐྱེན་གྱིས་རེད)མང་ཆེ་བར་སྐྱེ་དངོས་ཕྲ་རབ་དུག་རྒྱུ་འབྱུང་མི་སྲིད་པས། དུས་ཡུན་ཐུང་ངུའི་ནང་དུ་དེ་ཟོས་ན་ཉེན་ཁ་མེད།

2.འཁྱགས་རྨས་བྱུང་བ།

     དྲོད་ཚད་དམའ་བའི་ཁོར་ཡུག་གི་འོག་ཏུ། སིལ་ཏོག་ཁྲོད་ཀྱི་ཚད་བརྒལ་དབྱང་འགྱུར་རྩབས་ཀྱི་གྲུང་གཤིས་ཇེ་དམའ་རུ་སོང་ནས། ཕྲ་ཕུང་ནང་གི་རང་གྲུབ་གཞི་རྒྱུ་དུས་ཐོག་ཏུ་གཙང་སེལ་བྱེད་མི་ཐུབ་པ་དང་། གསོག་མང་དྲགས་ན་ཤིང་ཏོག་གི་ཕུང་སྐྱིའི་བརྒྱུད་བརྟོལ་རང་བཞིན་ལ་འགྱུར་ལྡོག་འབྱུང་བས། ཕྲ་ཕུང་གི་གྲུབ་ཚུལ་ལ་གཏོར་བརླག་ཐེབས་སྲིད།

     ཕྱོགས་གཞན་ཞིག་ནས། དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་ཤིང་ཏོག་ནང་གི་སིལ་སྤྱིན་ཞག་རྩབས་ཀྱི་གྲུང་གཤིས་ཇེ་མཐོར་འགྲོ་བ་དང་། རྩབས་རིགས་དངོས་རྫས་དེ་རིགས་ཀྱིས་སིལ་ཏོག་ནང་ཁུལ་གྱི་ཞུ་མ་ཡིན་པའི་སིལ་སྤྱིན་དངོས་རྫས་དབྱེ་ཕྲལ་བྱེད་སྲིད་ལ། སིལ་ཏོག་མཉེན་འགྱུར་དང་རུལ་འགྱུར་ཡང་འབྱུང་སྲིད།

     ཡིན་ནའང་། འཁྱགས་རྨས་དེ་རིགས་ཀྱང་“ཕྲ་ཕུང་ལ་རྨས་སྐྱོན་ཐེབས་པ”ཙམ་ཡིན་པས། སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་བྱུང་མི་སྲིད་པ་དང་། བལྟོས་བཅས་ཀྱིས་ཅུང་བདེ་འཇགས་ཡིན་པས་དུས་ཚོད་དམ་འཛིན་གྱིས་ཟས་ཆོག

2.ཧམ་སྤུ་རྒྱས་པ།

     འཚོ་བའི་ཁྲོད་ཆེས་རྒྱུན་དུ་མཐོང་བ་ནི་སྐྱེ་དངོས་ཕྲ་རབ་ཀྱིས་གནོད་པ་ཐེབས་པའི་རྐྱེན་གྱིས་རུལ་ཞིང་རྒྱུ་འགྱུར་བྱུང་བ་ཡིན་ལ། རུལ་ཟིན་པའི་ཤིང་ཏོག་འདི་རིགས་ཀྱི་ཆ་ཤས་ལྷག་མ་རྣམས་ཀྱང་མ་ཟས་ན་བཟང་།

     མི་མང་པོ་ཞིག་གིས“རུལ་ཟིན་པའི་ཤིང་ཏོག་གི་ཆ་ཤས་ལྷག་མ་རྣམས་མུ་མཐུད་དུ་ཟས་ཀྱང་གནོད་པ་མེད”འདོད་བཞིན་ཡོད་ནའང་། དོན་དངོས་སུ་ད་དུང་ཉེན་ཁ་ཡོད།

     “རུལ་ཞིང་རྒྱུ་འགྱུར”བྱུང་བའི་སིལ་ཏོག་གི་ཕྱི་ཤུན་ལ་འགྱུར་ལྡོག་བྱུང་ཡོད་པ་ང་ཚོས་མཐོང་ཐུབ་ནའང་། འོན་ཀྱང་འབུ་ཕྲ་སོགས་སྐྱེ་དངོས་ཕྲ་རབ་ལས་ཐོན་པའི“དུག་ལྡན་བརྗེ་ཚབ་ཐོན་རྫས”མིག་གིས་མཐོང་མི་ཐུབ། དཔེར་ན། ཤིང་ཏོག་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཧམ་རྒྱུ་ནག་པོ་ལས་ཐོན་པའི་ཧམ་རྒྱུ་ནག་པོའི་འབུ་ཕྲ་དང་། ཕྲེང་དྲ་ཐུམ་སྲིན་ལས་ཐོན་པའི་ཕྲེང་དྲ་དུག་རྒྱུ་སོགས་དུག་རྒྱུ་ཡིས་ཟས་དུག་ཕོག་པའི་ཉེན་ཁ་ཆེ་རུ་གཏོང་སྲིད།

     སྐབས་འགར་ཧམ་སྤུ་རྒྱས་པའི་སིལ་ཏོག་གི་གནོད་པ་མ་ཐེབས་པའི་གནས་དེར་འདུས་པའི་ཕྲེང་དྲ་ཐུམ་སྲིན་ནི་རུལ་ཞིང་རྒྱུ་འགྱུར་བའི་གནས་ཀྱི་10%-50%ལ་སླེབས་ཡོད་པས། རུལ་གྱུར་བྱུང་བའི་ཆ་དེ་བརྐོས་ནའང་ད་དུང་བདེ་འཇགས་ཀྱི་ཉེན་ཁ་ཡོད་པས་ཟ་མི་ཉན།

     གལ་ཏེ་ཁྱོད་ཀྱིས་རང་ཁྱིམ་གྱི་སིལ་ཏོག་ཅིས་ཕྱིར་རུལ་འགྱུར་བྱུང་བ་ཡིན་པ་མ་ཤེས་ན། ཕྱི་ལ་གཡུག་ན་བཟང་།

     དེ་མ་ཟད་སིལ་ཏོག་དུས་ཡུན་རིང་པོར་ཉར་ཚགས་བྱས་ན། འཚོ་བཅུད་དངོས་པོའང་ཤོར་འགྲོ་བས་སིལ་ཏོག་གསར་བ་ཟོས་ན་བཟང་།

“དྲོད་ཁང་ཆེན་མོའི་སིལ་ཏོག”ནི་དུས་ཚིགས་ལྡོག་པའི་ཤིང་ཏོག་ཡིན་པས།

ཟ་རུང་ངམ།

     མི་མང་པོ་ཞིག་གིས“དྲོད་ཁང་ཆེན་མོའི་སིལ་ཏོག”ནི་འཚོ་བཅུད་རིན་ཐང་དང་བདེ་འཇགས་རང་བཞིན་ཐད་ནས་དུས་བསྟུན་སིལ་ཏོག་ལ་མི་དོ་བསམ་བཞིན་ཡོད།

     དོན་དངོས་སུ་དེ་འདྲ་མ་ཡིན་ཏེ། དུས་བསྟུན་སིལ་ཏོག་དང་དྲོད་ཁང་གི་སིལ་ཏོག་གཉིས་ཀྱི་མི་འདྲ་ས་ནི་སྐྱེ་འཕེལ་བྱུང་སྐབས་ཀྱི་དྲོད་ཚད་དང་འོད་འཕྲོ་ཡིན་པ་ལས། འཚོ་བཅུད་དངོས་པོའི་ཕྱོགས་ནས་བལྟས་ན། འོད་དང་དྲོད་ཚད་ཀྱིས་འཚོ་རྩི་Cསོགས་འཚོ་བཅུད་དངོས་རྫས་ལ་10%ཡས་མས་མ་གཏོགས་ཤུགས་རྐྱེན་ཐེབས་པས། ཁྱད་པར་ཆེན་པོ་མེད།

     དྲོད་ཁང་ཆེན་མོའི་སིལ་ཏོག་དང་དུས་བསྟུན་སིལ་ལ་བྲོ་བའི་ཆ་ནས་ཁྱད་པར་ཉུང་ཙམ་ཡོད་པ་ལས། གཞན་དག་ཐད་ཁྱད་པར་མེད་པ་དང་བདེ་འཇགས་ཐད་ལའང་ཉེན་ཁ་མེད་པས་བློ་བདེ་མོའི་ངང་བཟའ་ཆོག

 སིལ་ཏོག་ཅི་ལྟར་ཟོས་ན་ད་གཟོད་བདེ་ཐང་ཡིན་ནམ།

 

1、ཤིང་ཏོག་རིགས་མང་པོ་དང་ཚད་རན་པ་ཟས་ན་འགྲིག

     ཤིང་ཏོག་གི་བྲོ་བ་ཞིམ་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པས། ཉིན་ལྟར་ཚད་རན་པ་ཟས་ན་ཕན་པ་ཧ་ཅང་ཆེ།

    《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ལམ་སྟོན》ཞེས་པའི་ནང་དུ་ཉི་མ་རེར་ཤིང་ཏོག་རིགས་མི་འདྲ་ཁེ་200-350 (སྤྱིར་བཏང་དུ་ཁུ་ཚུར་1-2ཀྱི་ཆེ་ཆུང་དང་མཚུངས)ཟས་ན་བཟང་། ཤིང་ཏོག་ཟས་ན་སྣ་ཁ་མང་པོ་དང་ཚད་དང་རན་པ་བཟའ་དགོས་ཞེས་བསྟན་ཡོད།

2、ཤིང་ཏོག་ཟ་བའི་དུས་ཚོད་ནམ་ཡིན་ཡང་ཆོག

     མི་མང་པོ་ཞིག་གིས“ཤིང་ཏོག་ཟ་བའི་དུས་ཚོད”ལ་སེམས་ཁྲལ་བྱེད་ཀྱི་ཡོད།  འོན་ཀྱང་དེའི་ཐད་ནས་སེམས་ཁྲལ་བྱེད་དགོས་དོན་མེད། ཟ་མ་ཟས་རྒྱབ་སིལ་ཏོག་ཟ་བ་དང་། ཡང་ན་མ་ཟས་གོང་དུ་ཟས་ཀྱང་ཆོག

     གལ་ཏེ་ངེས་པར་དུ་དུས་ཚོད་ཡག་ཤོས་གང་ཡིན་ཤེས་བསམ་ན། ཟ་མ་ཟས་རྒྱབ་ཀྱི་ཆུ་ཚོད་གཅིག་ཡས་མས་ནི་སིལ་ཏོག་ཟ་བའི་དུས་ཚོད་ཡག་ཤོས་ཡིན། སྐབས་དེར་ཟས་ན་འཚོ་བཅུད་བསྡུ་ལེན་བྱེད་པའི་དུས་མཚུངས་སུ། ཕོ་བ་དང་རྒྱུ་མའི་རྒྱུན་ལྡན་གྱི་འཇུ་ལེན་ལ་ཤུགས་རྐྱེན་མི་ཐེབས་པ་མ་ཟད། ད་དུང་ཁྲག་མངར་ལ་གཡོ་འགུལ་ཆེན་པོ་འབྱུང་བ་ལས་གཡོལ་ཐུབ།

     ཟ་མ་མ་ཟོས་གོང་སིལ་ཏོག་ཟོས་ན་ཟ་མའི་ཟ་ཚད་ཇེ་ཉུང་དུ་གཏོང་བར་ཕན་པས། ཚོ་བྱང་བར་ཕན་མོད། འོན་ཀྱང་ཕོ་བ་དང་རྒྱུ་མའི་ཚོར་བ་སྐྱེན་པའི་མི་ཚོགས་ལ་དེ་འདྲ་མི་འཚམ། ཟ་མ་ཟོས་རྗེས་མྱུར་དུ་སིལ་ཏོག་ཟོས་ན་ཕོ་བ་དང་རྒྱུ་མ་ལ་ཁུར་བོ་ཇེ་ལྗིད་འགྱུར་སྲིད།

     དེར་བརྟེན་མི་ཚོགས་མི་འདྲ་ཚང་མར་བསམ་བློ་བཏང་ན། ཟ་མ་ཟས་རྗེས་ཀྱི་ཆུ་ཚོད་གཅིག་གི་ནང་སིལ་ཏོག་ཟོས་ན་བཟང་།

སིལ་ཏོག

ཉིན་རེར་ཚད་ལྟར་ཟོས་ན་བཟང་།

“ཅུང་རུལ་ཡོད་པའི་”སིལ་ཏོག་གི་རུལ་རྐྱེན་ལ་འོས་འཚམ་གྱི་དབྱེ་ཞིབ་བྱ་དགོས།

རུལ་ཞིང་རྒྱུ་འགྱུར་བྱུང་བའི་སིལ་ཏོག་མ་ཟས་ན་འགྲིག

འོན་ཀྱང་གལ་ཏེ་འཕྲུལ་ཆས་དང་འཁྱགས་རྨས་སོགས་ཀྱིས་བཟོས་པའི་གནོད་སྐྱོན་ཐེབས་པ་ཡིན་ན་བཟའ་ཆོག

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

འཛམ་གླིང་སྐར་ཁུངས།

ཏ་ཧྥུན་ཆི་སྐུ་གཤེགས་ནས་ལོ500འཁོར་བར་དྲན་གསོ་ཞུ་བའི་འགྲེམས་སྟོན།

ད་ལོ་ནི་རིག་རྩལ་བསྐྱར་དར་གྱི་མཁས་དབང་ཆེན་པོ་ལའེ་ཨང་ན་ཏོ་ཏ་ཧྥུན་ཆི་སྐུ་གཤེགས་ནས་ལོ་500འཁོར་བའི་ལོ་ཡིན་པ་དང་། ཧྥ་རན་སེའི་ཕ་རི་སིའི་ལུའུ་ཕུའུ་ཕོ་བྲང་གིས་ཟླ་10ཚེས་24ཉིན་ནས་བཟུང་ཏ་ཧྥུན་ཆིའི་རི་མོའི་ལོ་རྒྱུས་ལ་དྲན་གསོ་ཞུ་བའི་འགྲེམས་སྟོན་སྤེལ་རྒྱུ་ཡིན་ཞིང་། དམིགས་བསལ་འགྲེམས་སྟོན་དེ་2020ལོའི་ཟླ་2ཚེས་24ཉིན་བར་སྤེལ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་དམིགས་བསལ་འགྲེམས་སྟོན་ཐོག་

中央广播电视总台 央广网 版权所有