སློབ་འགོ་མ་ཚུགས་གོང་ཕ་མ་དང་ཕྲུ་གུས་བསྒྲུབ་དགོས་པའི་བྱ་བ་བཅུ།
སྤེལ་བའི་དུས་ཚོད། : 2019-08-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དང་པོ། ཕྲུ་གུ་དང་མཉམ་དུ་གུང་གསེང་གི་འཚོ་བར་ཕྱིར་དྲན་བྱས་ནས། གྲུབ་འབྲས་དང་ཚོར་སྣང་གླེང་དུ་འཇུག་དགོས།
   ཁྱིམ་བདག་དང་ཕྲུ་གུས་གུང་གསེང་གི་འཚོ་བར་ཕྱིར་དྲན་བྱས་ནས། གུང་གསེང་གི་འཆར་གཞི་གང་ཞིག་བསྒྲུབ་ཐུབ་པ་དང་། གང་ཞིག་བསྒྲུབ་ཐུབ་མེད་པར་བརྟག་དཔྱད་བྱེད་དགོས།
མཉམ་དུ་དཔེ་ཀློག་དང་ཡུལ་སྐོར། ངལ་གསོ། རོལ་རྩེད་སོགས་ཐད་ཐོབ་པའི་གྲུབ་འབྲས་དང་ལྷག་བསྡད་པའི་གནོང་འགྱོད་སོགས་སྤེལ་རེས་བྱེད་པ་དང་། དུས་ཐོག་ཏུ་ཕྱོགས་བསྡོམས་བྱེད་པ། ཡང་ན་རྒྱུ་མཚན་དབྱེ་ཞིབ་བྱེད་པ་བཅས་བྱས་ན། གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་རྒྱུར་འདོན་མི་ཟ། དུས་ཐོག་ཕྱོགས་བསྡོམས་བྱ་རྒྱུ་དེ་ཡང་སློབ་སྦྱོང་གི་བྱ་ཐབས་གལ་ཆེན་ཞིག་ཡིན།

གཉིས་པ། རྒྱུན་ལྡན་གྱི་གནས་སུ་ལོག་ཏུ་འཇུག་དགོས།
    གུང་གསེང་སྐབས་ཀྱི་བྱིས་པ་རྣམས་སེམས་ཁམས་རྒྱུན་ལྡན་ཡིན་མོད། འོན་ཀྱང་སློབ་འགོ་ཚུགས་རྗེས་ཅུང་འཚབ་འཚུབ་བྱེད་པའི་རྣམ་པ་ཐོན་གྱི་ཡོད་པས། དེ་ལྟ་བུའི་རྣམ་པ་གཉིས་བརྗེ་རེས་བྱེད་པའི་ཐད་དུས་ཡུན་ངེས་ཅན་ཞིག་དགོས་ཀྱི་ཡོད། གནད་དོན་འདིའི་སྐོར་ལ་ཁྱིམ་བདག་ཚོས་བྲེལ་འཚུབ་ཆེ་བའི་དྲན་སྐུལ་བྱེད་མི་རུང་བ་མ་ཟད། བྱེད་སྒོ་ཆེན་པོ་བཀོད་སྒྲིག་བྱེད་མི་རུང་བར། ཕྲུ་གུའི་སེམས་ཁམས་རིམ་བཞིན་ལྷིང་འཇགས་སུ་འགྱུར་དུ་འཇུག་དགོས།

གསུམ་པ། ལས་འགན་ལེགས་གྲུབ་བྱས་ཚུལ་ལ་བརྟག་བཤེར་བྱེད་དགོས།
   ཕྲུ་གུ་མང་པོ་ཞིག་གིས་ནམ་རྒྱུན་ལས་ཀ་མང་པོ་ཞིག་སློབ་འགོ་དངོས་སུ་མ་ཚུགས་བར་ནར་འགྱངས་བྱེད་ཀྱི་ཡོད། དེར་བརྟེན་ཁྱིམ་བདག་ཚོས་ཕྲུ་གུ་ཚོ་དང་མཉམ་དུ། སློབ་འགོ་ཚུགས་པའི་ཐོག་མའི་དུས་ཚོད་འཆར་འགོད་ཡག་པོ་བྱས་ཏེ། སྒྲུབ་མ་ཐུབ་པའི་བྱ་བ་དག་དུས་ཐོག་ཏུ་ཁ་གསབ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལས་ཀ་ལེགས་གྲུབ་བྱེད་དུ་འཇུག་དགོས།

བཞི་པ། ཕྲུ་གུར་ཆོས་ཉིད་ལྡན་པའི་འཚོ་བར་རོལ་རྒྱུར་ཁྲིད་སྟོན་བྱེད་དགོས།
   ཕྲུ་གུ་མང་པོ་ཞིག་གུང་གསེང་རིང་ཕྱི་ཉལ་ཕྱི་ལངས་སོགས་ཀྱི་གོམས་གཤིས་ངན་པ་འཇགས་སྲིད་པས། གལ་ཏེ་སྔ་སྣུར་དུ་བཅོས་སྒྲིག་མ་བྱས་ཚེ། སློབ་འགོ་ཚུགས་སྐབས་རྟག་དུ་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ་དང་། སེམས་ཁམས་མི་བདེ་བའི་རྣམ་པ་ཐོན་ནས། ཕྲུ་གུའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད།
ཁྱིམ་བདག་རྣམས་ཀྱིས། ཕྲུ་གུ་དང་མཉམ་དུ་དུས་ཚོད་དེའི་ནང་། ངལ་གསོ་རྒྱག་རྒྱུའི་དུས་ཚོད་རེའུ་མིག་བཟོས་ཏེ། རྣམ་རྒྱུན་སློབ་གྲྭར་འགྲོ་བའི་དུས་ཚོད་ལྟར་མལ་ལས་ལངས་པ་དང་། སློབ་སྦྱོང་། ལུས་སྦྱོང་། གཉིད་ཉལ་རྒྱུ་སོགས་ཕྲུ་གུའི་འཚོ་བ་ཆོས་ཉིད་ལྡན་པ་ཞིག་ཏུ་བཀོད་སྒྲིག་བྱས་ཏེ། སླེབས་ལ་ཁད་ཀྱི་སློབ་སྦྱོང་དང་འཚོ་བར་སྔ་ཙམ་གོམས་ཐུབ་པ་བྱེད་དགོས།

ལྔ་པ། ཕྲུ་གུ་དང་མཉམ་དུ་སློབ་སྦྱོང་གི་དམིགས་འབེན་དང་སློབ་སྦྱོང་གི་འཆར་གཞི་བཟོ་དགོས།
   སློབ་དུས་གསར་པར་དང་རྣམ་པ་གསར་པ་ཡོང་བ་བྱེད་པ། ཁྱིམ་བདག་དང་ཕྲུ་གུ་ཚོས་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས། སྔ་ཙམ་ནས་འཆར་འགོད་དང་འཆར་གཞི་བཟོ་དགོས། དེ་ཡང་དཔེར་ན། སློབ་དུས་རྗེས་མར་སློབ་ཚན་གང་ཞིག་གི་སྦྱངས་འབྲས་མཐོ་རུ་གཏོང་རྒྱུ་དང་། སློབ་དུས་གསར་པར་དམིགས་བསལ་གྱི་ཤེས་བྱ་ཞིག་སྦྱོང་རྒྱུ་སོགས་ལྟ་བུ་རེད། སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་དམིགས་འབེན་འཛུགས་རྒྱུ་དེས། ཕྲུ་གུར་ཁ་ཕྱོགས་གསལ་སྟོན་ཐུབ་རྒྱུ་དང་མུན་འཐོམས་ཀྱི་ཚོར་བ་མེད་པ་བཟོ་ཐུབ། ད་དུང་རྣམ་པ་དེ་བས་ལེགས་པའི་སྒོ་ནས་སློབ་སྦྱོང་ལ་རོལ་རྒྱུར་ཡང་ཕན་ཐོགས་ཡོད།

དྲུག་པ། སྔ་ཙམ་ནས་དགེ་རྒན་དང་སློབ་གྲོགས་ལ་འབྲེལ་བ་བྱ་རྒྱུར་སྐུལ་མ་གཏོང་དགོས།
   གུང་གསེང་སྐབས་ཡུན་རིང་ཁ་བྲལ་རྗེས། སློབ་གྲོགས་བར་དོན་དག་ཁག་ཅིག་ལ་འགྱུར་བ་འགྲོ་སྲིད། སྔ་ཙམ་ནས་སློབ་གྲོགས་དང་དགེ་རྒན་ལ་འབྲེལ་བ་བྱས་ནས། ཕན་ཚུན་བར་མཐོང་ཐོས་དང་དོན་དག་གསར་པ་མཉམ་རོལ་བྱེད་དུ་འཇུག་དགོས། ཕན་ཚུན་སེམས་ཁུར་དང་། ཕན་ཚུན་དྲན་པ། སློབ་དུས་གསར་པའི་རེ་སྒུག་བརྗོད་པ་བཅས་བྱས་ཚེ། སློབ་གྲོགས་བར་དང་དགེ་སློབ་བར་གྱི་བརྩེ་བ་ཟབ་ཏུ་གཏོང་ཐུབ་པ་མ་ཟད། ད་དུང་ཕྲུ་གུའི་མི་གཞན་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཡང་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད།

བདུན་པ། ཕྲུ་གུ་ཁྲིད་ནས་དཔེ་མཛོད་ཁང་དུ་འགྲོ་བ་དང་། དགོས་ངེས་ཀྱི་དཔེ་དེབ་ཉོ་དགོས།
   སློབ་འགོ་མ་ཚུགས་གོང་། དུས་ཚོད་རང་ཉིད་ནས་བཀོལ་སྤྱོད་བྱེད་ཆོག ཁྱིམ་བདག་རྣམས་ཀྱིས་སློབ་དུས་གསར་པའི་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། ཕྲུ་གུ་དང་འགྲོགས་ནས་དཔེ་མཛོད་ཁང་དང་དཔེ་ཁང་སོགས་སུ་ཕྲུ་གུས་དགའ་པོ་བྱེད་པའི་དཔེ་ཆ་དང་དཔྱད་གཞིའི་དཔེ་དེབ་ལྟ་ཀློག་དང་ཉོ་སྒྲུབ་བྱེད་ཆོག དེ་ལྟར་བྱས་ཚེ་བྱིས་པའི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་པ་དང་། སློབ་དུས་གསར་པར་གྲ་སྒྲིག་འོས་འཚམ་ཐུབ་ཀྱི་ཡོད།

བརྒྱད་པ། ཕྲུ་གུས་བསྐྱར་སྦྱོང་དང་སྔོན་སྦྱོང་བྱེད་པར་ཁྲིད་སྟོན་འོས་འཚམ་བྱེད་དགོས།
   ཕྲུ་གུས་ཕལ་ཆེར་སློབ་དུས་གོང་མའི་ཤེས་བྱ་དག་བརྗེད་སྲིད་པས། མཚམས་དེར་སློབ་དུས་གསར་པའི་སློབ་གཞིར་སྔ་སྣུར་དུ་བལྟ་ཀློག་དང་སྔོན་སྦྱོང་འོས་འཚམ་བྱས་ཚེ། ཤེས་བྱ་སྦྲེལ་མཐུད་ཐུབ་རྒྱུར་ཕན་ཐོགས་ཡོད།
འོན་ཀྱང་ཁྱིམ་བདག་ལ་དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཕྲུ་གུས་སྔ་སྣུར་དུ་སྔོན་སྦྱོང་འོས་འཚམ་བྱེད་དགོས་པ་ལས། སྔ་སྣུར་དུ་ཤེས་བྱ་གསར་པ་སློབ་མི་རུང་། དེ་ལྟར་བྱས་ཚེ་ཕྲུ་གུས་དངོས་སུ་སློབ་སྦྱོང་བྱེད་སྐབས་ཚོར་སྣང་གསར་པ་དང་དགའ་སྣང་མེད་པར་འགྱུར་སྲིད།

དགུ་པ། ཕྲུ་གུའི་སེམས་ཁམས་རྟོགས་དགོས།
   དམིགས་བསལ་གྱི་ཉམས་མྱོང་དང་མྱོང་ཚོར་ཁ་ཤས་ཀྱི་དབང་གིས། ཕྲུ་གུ་ཁ་ཤས་ཀྱིས་སློབ་གྲྭར་འགྲོ་རྒྱུ་དེ་སེམས་ཁྲལ་དང་ཐ་ན་“འཇིགས་སྣང་”སྐྱེ་བྱེད་ཀྱི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས། ཁྱིམ་བདག་ཚོས་འབྲེལ་གཏུག་དང་ཁྲིད་སྟོན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་ནས། ཕྲུ་གུའི་བསམ་ཚུལ་དེ་དག་ལ་གོ་བ་ལེན་པ་དང་བསམ་ཚུལ་དེ་འདྲ་ཐོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
གལ་ཏེ་གནས་ཚུལ་ཚབས་ཆེ་ན། སེམས་ཁམས་རིགས་གཅིག་མཁས་ཅན་སོགས་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་ཀྱི་ཡོད། ཕྲུ་གུར་དྲང་ཕྱོགས་ཀྱི་སེམས་ཁམས་ནུས་པ་མཁོ་འདོན་བྱས་ནས། ཕྲུ་གུས་ཡར་རྒྱས་བརྩོན་ལེན་གྱི་བསམ་པ་འཁྱེར་ནས་སློབ་དུས་གསར་པར་བསུ་བ་ཞུ་རུ་འཇུག་དགོས།

བཅུ་པ། སློབ་གྲྭ་དང་འབྲེལ་གཏུག་བྱས་ནས། སློབ་གྲྭས་སློབ་དུས་གསར་པའི་གྲ་སྒྲིག་ལས་དོན་སྤེལ་རྒྱུར་རམ་འདེགས་ཞུ་དགོས།
   སློབ་གྲྭ་ཁ་ཤས་ཀྱིས་སློབ་འགོ་དངོས་སུ་མ་ཚུགས་གོང་། སློབ་མའི་གཟུགས་པོར་བརྟག་དཔྱད་དང་། སེམས་ཁམས་བརྟག་དཔྱད། ཁྱིམ་བདག་ཚོགས་འདུ་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད་པས། ཁྱིམ་བདག་ཚོས་དེ་དག་ནང་ཞུགས་ནས་རམ་འདེགས་བྱེད་དགོས་ཀྱི་ཡོད། ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། ཁྱིམ་ཚང་དང་སློབ་གྲྭས་མཉམ་ལས་ཡག་པོ་བྱས་ན། ཕྲུ་གུའི་སློབ་སྦྱོང་དང་སེམས་ཁམས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དེར་བརྟེན་ཁྱིམ་བདག་གིས་སློབ་གྲྭ་དང་དགེ་རྒན་ལ་རམ་འདེགས་ཧུར་ཐག་ཞུ་བ་དང་། སློབ་གྲྭའི་སློབ་གསོའི་ནང་ཧུར་ཐག་ཞུགས་ཏེ། ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་ཕྲུ་གུ་འཚར་ལོངས་དང་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
རྩོམ་སྒྲིག་འགན་འཁུར་བ། དབང་འདུས།
རྩོམ་སྒྲིག་པ། དབང་མོ།