ཉལ་ཁར་ཆུ་ཕོར་ཕྱེད་ཀ་འཐུངས་ན་སྙིང་གཟེར་སྔོན་འགོག་བྱ་ཐུབ།
སྤེལ་བའི་དུས་ཚོད། : 2018-05-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


ཨ་ཁུ་བཟོད་པ་ད་ལོ་དགུང་ལོ60ལ་བུད་པ་དང་ལས་འཁྱུར་ངལ་གསོ་བྱས་མ་ཐག་ཡིན། དུས་རྒྱུན་ཁོའི་ལུས་ཕུང་ཧ་ཅང་བཟང་བར་མ་ཟད་བདེ་སྲུང་ཕྱོགས་ལའང་ཧ་ཅང་དོ་སྣང་བྱེད་ཀྱིན་ཡོད་ལ། ཉིན་རེའི་ཞོགས་པར་སྤྱི་གླིང་དུ་སོང་ནས་ལུས་སྦྱོང་བྱེད་པར་ཡང་དལ་འགོར་བྱས་མ་མྱོང་། ཡིན་ནའང་ཉེ་ཆར། ཨ་ཁུ་བཟོད་པས་ཞོགས་སྦྱོང་བྱེད་པའི་སྐབས་སུ། རྒྱུན་དུ་བྲང་ཁོག་ན་བ་དང་དབུགས་ལེན་མི་ཐུབ་པ་སོགས་ཀྱི་ནད་རྟགས་བྱུང་བ་དང་། ནད་རྟགས་དེ་དག་ནི་ཉིན་རེའི་ཞོགས་པའི་ཞོགས་སྦྱོང་གི་སྐབས་སུ་དུས་ལྟར་འབྱུང་བ་རེད། ཨ་ཁུ་བཟོད་པས་སྨན་པ་མང་པོར་བསྟེན་ཏེ་སྙིང་གཟེར་འགོག་པའི་སྨན་གང་མང་བཏུངས་མོད། འོན་ཀྱང་ཕན་ནུས་ཆེན་པོ་མ་ཐོན། ཡ་མཚར་དགོས་པ་ཞིག་ལ་རྗེས་སུ་ཆེད་མཁས་པ་ཞིག་གིས་ཁོར་ཉལ་ཁར་ཆུ་ཕོར་པ་ཕྱེད་ཀ་འཐུང་དགོས་པ་དང་། གལ་ཏེ་ནམ་ཕྱེད་དུ་གཅིན་བཏང་ན་སླར་ཡང་ཆུ་ཕོར་པ་ཕྱེད་ཀ་ཁ་གསབ་བྱེད་དགོས་པའི་མངག་བཅོལ་ལྟར་ཉལ་ཁར་ཆུ་ཕོར་པ་ཕྱེད་ཀ་རེ་བཏུངས་པ་ན། ཨ་ཁུ་བཟོད་པའི་སྙིང་གཟེར་གྱི་ནད་རྟགས་གར་སོང་ཆ་མེད་དུ་གྱུར།

ཆུ་འཐུང་བ་ལ་ངོ་མཚར་བའི་ནུས་པ་དེ་འདྲ་ཐོན་དོན་ཅི་ཡིན་ཞེ་ན། དོན་དངོས་སུ་ཆུ་འཐུང་བ་ཡིས་སྙིང་གཟེར་ལངས་པའི་ནད་གསོ་བཅོས་བྱེད་མི་ཐུབ་མོད། འོན་ཀྱང་སྙིང་གཟེར་ལངས་པའི་འབྱུང་རྐྱེན་སེལ་ཐུབ། ཏོག་དབྱིབས་འཕར་རྩ་གུ་དོག་པོའི་སྐབས་སུ་ཁྲག་གི་བཞུར་ཚད་ཇེ་ཉུང་དུ་སོང་སྟེ་སྙིང་ཤའི་བརྗེ་ཚབ་ཀྱི་དགོས་མཁོ་བསྐང་མི་ཐུབ་པའི་དབང་གིས་སྙིང་ལ་ཁྲག་དང་དབྱང་དབུགས་ཀྱི་མཁོ་ཚད་མ་འདང་བས་སྙིང་གཟེར་ལངས་པ་རེད། ནད་པ་ཁ་ཤས་ལ་དུས་རྒྱུན་ནད་རྟགས་མི་འབྱུང་བར་ངལ་རྩོལ་བྱེད་པ་དང་སེམས་འགུལ་ཐེབས་པ། ཟ་མ་རྒྱགས་ཚད་བཟའ་བ། གནམ་གཤིས་ལ་འགྱུར་ལྡོག་བྱུང་སྟེ་ཆར་བ་འབབ་པ་སོགས་ཀྱི་སྐབས་སུ། ཏོག་དབྱིབས་འཕར་རྩས་ཁྲག་དང་དབྱང་དབུགས་འདོན་སྤྲོད་བྱེད་པ་མི་འདང་བའི་དབང་གིས་སྙིང་གཟེར་ལངས་པའི་ནད་རྟགས་མངོན་པ་རེད། ལུས་ཕུང་སྟེང་དུ་ཆུ་ཆད་པ་དེ་ཡང་སྙིང་གཟེར་ནད་རྟགས་ཀྱི་འབྱུང་རྐྱེན་ནང་གི་གཅིག་ཡིན། ལུས་སྟེང་དུ་ཆུ་ཆད་ན་ཁྲག་གར་པོར་འགྱུར་བ་དང་འཁོར་རྒྱུག་བྱེད་ཚད་ཇེ་དལ་དུ་འགྲོ་བས།ཏོག་དབྱིབས་འཕར་རྩའི་ནང་གི་ཁྲག་བཞུར་ཚད་ཀྱང་ཇེ་ཉུང་དུ་སོང་ནས་སྙིང་ཤར་དབྱང་དབུགས་ཀྱིས་མི་འདང་བས་སྙིང་གཟེར་ལངས་པ་རེད། མི་སུ་དང་གང་ཞིག་ཡིན་རུང་གཉིད་ལ་རོལ་བའི་སྐབས་སུ་རྔུལ་ཆུ་འབྱུང་སླ་བས་ལུས་སྟེང་གི་ཆུ་མང་པོ་ཤོར་བ་དང་། ཁྲག་རྒྱུན་ཁྲོད་ཀྱི་ཆུ་ཇེ་ཉུང་དུ་སོང་བ་རེད། དེའི་ཁར་རྒན་པ་རྣམས་ཀྱི་མཁལ་མའི་ནུས་པ་ཞན་པས་ལུས་པོས་རྙིང་ཚབ་གསར་བརྗེ་བྱེད་པར་མཁོ་བའི་ཆུས་མི་འདང་བས། དུས་ལྟར་ཆུ་ཁ་གསབ་མ་བྱས་ན་ཞོགས་པའི་སྐབས་སུ་ཁྲག་རྒྱུན་གར་པོར་གྱུར་ཏེ་ཞོགས་སྦྱོང་གི་སྐབས་སུ་སྙིང་གཟེར་ལངས་སྲིད། གནས་ཚུལ་དེའི་རིགས་ཀྱི་འོག་ཏུ། དུས་ལྟར་ཆུ་ཁ་གསབ་བྱས་ན་སྙིང་གཟེར་ལངས་པ་འགོག་ཐུབ།

མཉམ་འཇོག་དགོས་པ་ཞིག་ནི། ཉལ་ཁར་ཆུ་བཏུངས་ན་ཁྲག་གི་འབྱར་བག་གར་པོར་གྱུར་ཚད་ཇེ་ཆུང་དུ་སོང་སྟེ། སྙིང་གཟེར་ལངས་པ་འགོག་ཐུབ་མོད། འོན་ཀྱང་སྙིང་རྒུད་ནད་པས་སེམས་ཆུང་བྱེད་དགོས། ཐེངས་གཅིག་གིས་ཆུ་མང་པོ་བཏུངས་ན་སྙིང་གི་ཁུར་པོ་ཇེ་ལྗིད་དུ་སོང་ནས་སྙིང་རྒུད་ནད་འབྱུང་སླ་ཞིང་། སྙིང་ནད་ཡོད་པ་རྣམས་ཀྱིས་ཆུའི་འཐུང་ཚད་དང་མགྱོགས་ཚད་ལ་ཚོད་འཛིན་བྱེད་དགོས་པ་དང་། ཆུ་གྲང་མོ་བཏུངས་ན་ཁྲག་རྩ་རེངས་འཁུམ་འབྱུང་སྲིད་པས་དུས་རྒྱུན་དུ་ཆུ་དྲོད་འཇམ་འཐུང་དགོས། དགོང་མོ་ཉལ་ཁ་དང་ཞོགས་པ་གཉིད་ལས་སད་རྗེས་སོ་སོར་ཆུ་དྲོད་འཇམ་ཕོར་པ་ཕྱེད་ཀ་རེ་བཏུངས་ན་ལུས་པོར་ཧ་ཅང་ཕན་ཞིང་། ལྷག་པར་ནམ་ཕྱེད་དུ་གཅིན་གཏོང་བའི་གོམས་སྲོལ་ཆགས་ཡོད་ན་དུས་ལྟར་ཆུ་ཁ་གསབ་བྱེད་དགོས། དུས་རྒྱུན་དུའང་དུས་ལྟར་ཆུ་ཁ་གསབ་བྱེད་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་པ་ལས། ཁ་སྐོམ་པའི་སྐབས་སུ་ད་གཟོད་བཏུངས་ན་མི་འགྲིག དུས་ལྟར་ཆུ་ཁ་གསབ་བྱས་ན་ཐེངས་གཅིག་གིས་ཆུ་མང་པོ་འཐུང་བར་གཡོལ་ཐུབ་པས་སྙིང་གཟེར་ལངས་པ་སྔོན་འགོག་བྱེད་ཐུབ་བོ། །


ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། རྟ་མགྲིན།