ཟས་ཚོད་རན་པར་བཟའ་བའི་དགེ་མཚན་གླེང་བ།
སྤེལ་བའི་དུས་ཚོད། : 2018-01-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་དམངས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་དུའང་ཟས་སྐོམ་གྱི་ཐོན་རྫས་སྣ་ཚོགས་བྱུང་དང་འབྱུང་བཞིན་མཆིས་ལ། དེ་ལས་མི་གང་མང་གིས་བཟའ་ཚོད་མ་ཟིན་པ་དང་བསྟེན་ཚུལ་མ་ཤེས་པ་སོགས་ཀྱི་དབང་གིས་ཟས་སྐོམ་མཐའ་དག་དམན་ལྷག་ལོག་གསུམ་དུ་བསྟེན་ཏེ་ལུས་ཀྱི་རྣམ་པར་མ་གྱུར་པའི་འདུ་བ་གསུམ་གྱི་མཚན་ཉིད་ཉི་ཤུ་འཕེལ་ཟད་འཁྲུགས་གསུམ་དུ་སོང་ནས་ལུས་སེམས་སུ་གནོད་ཅིང་འཚེ་བའི་ཉེས་དམིགས་ཅི་རིགས་བསྐྱེད་ཀྱིན་ཡོད་པས་ཟས་ཚོད་རན་པར་བཟའ་བའི་རྒྱུན་ཤེས་འགའ་རགས་ཙམ་གླེང་བར་འདོད།

  དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཟས་ཚོད་མ་ཟིན་པའི་ཉེས་དམིགས་རྟོགས་པའི་ཕྱིར་དུ། ང་ཚོ་མི་སུ་ཞིག་ཡིན་རུང་། ཐོག་མར་ཟས་སྐོམ་གང་རུང་གི་རོ་ནུས་རྣམས་དང་རང་ཉིད་ཀྱི་ཕོ་བའི་མེ་དྲོད་སོགས་སྦྱར་ནས་བཟའ་བར་བྱ་བ་ཡིན་ལ། དེ་ཡང་གསོ་རིག་རྒྱུད་བཞི་ལས། ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། ། ཆ་བཞི་པ་ནི་རླུང་གི་གནས་སུ་བཞག ། ཅེས་པ་ནང་བཞིན་སྤྱིར་ཙམ་པར་མིའི་ལྟོ་བ་དེར་ཆ་བཞི་རུ་བགོས་ཡོད་དེ། ཆ་གཉིས་ཀྱི་གནས་སུ་ཟས་རིགས་ཁོ་ནས་བཀང་བར་བྱ་དགོས་ཤིང་། ཆ་གསུམ་པའི་གནས་སུ་སྐོམ་རིགས་ཀྱིས་གང་དགོས་པ། ཆ་བཞི་པའི་གནས་དེ་སྟོང་པར་བཞག་སྟེ་རླུང་སོགས་པའི་ཉེས་པ་རྣམས་ཀྱི་གནས་དང་རྟེན་དུ་འཇོག་པར་བྱའོ། ། དུས་དང་རྣམ་པ་ཀུན་ཏུ་གོང་གི་དེ་ལྟར་ཟས་ཚོད་ཟིན་ཞིང་རྒྱུན་བསྲིངས་ཐུབ་པ། དེ་མིན་ཟས་སྐོམ་གྱི་ལྕི་ཡང་སོགས་ལ་དཔག་ནས་བསྟེན་རྒྱུ་གལ་ཆེ་སྟེ། དཔེར་ན་ཟས་སྐོམ་དེའི་ནུས་པ་ལྕི་བ་ཡིན་ཚེ་ཕྱེད་འགྲངས་ཙམ་བཟའ་བ། གལ་ཏེ་ཟས་སྐོམ་དེའི་ནུས་པ་ཡང་བ་ལྟ་བུ་ཡིན་ཚེ་འགྲངས་པར་བཟའ་བར་བྱས་ན་ཟས་ཚོད་ཟིན་པའི་ཚད་ཡིན་པས། ད་བཟོད་བདེ་བླག་ངང་འཇུ་སླ་ཞིང་ལུས་ཀྱི་མེ་དྲོད་སྐྱེད་པ། འབྱུང་ཁམས་སྙོམས་ཤིང་ལུས་སེམས་ལེགས་པར་འཚོ་བར་བྱེད་ཐུབ་པ་ཡིན། རྒྱུད་ལས། ཉེས་པའི་ལམ་མིན་མི་འགྲོ་མེ་དྲོད་འབར། ། ལུས་ཡང་དང་ག་བདེ་ལ་དབང་པོ་གསལ། ། སྟོབས་ཆེ་བཤང་གཅིན་འོག་རླུང་བདེ་བར་འབྱིན། ། ཟས་ཚོད་ལེགས་པར་ཟིན་ལས་འབྱུང་བར་འགྱུར། ། ཞེས་གསུངས་པ་ཇི་བཞིན་ཟས་སྐོམ་གང་རུང་ཚུལ་བཞིན་དུ་བསྟེན་ན་ཕོ་བའི་མེ་དྲོད་ཉམས་པར་མི་འགྱུར་བར་ཟས་སྐོམ་དེ་དག་བདེ་བླག་གིས་འཇུ་ཞིང་ཟས་སྐོམ་གྱི་སྙིགས་མ་རྣམས་བཤང་གཅིན་དུ་འགྱུར་བ་ལས་ཉེས་གསུམ་གྱི་ལམ་དུ་ལོག་པར་མི་འགྲོ་ཞིང་། ལུས་ཡང་ཞིང་དང་ག་བདེ་བ ། དབང་པོ་གསལ་ཞིང་ལུས་སྟོབས་རྒྱས་པ་སོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པ་ནི་ཟས་སྐོམ་ལེགས་པར་བསྟེན་ཅིང་ཟས་ཚོད་ཟིན་པ་ལས་འབྱུང་བའི་ཕན་ཡོན་ཡིན། དེ་བཞིན་དུ་ང་ཚོ་མི་སུ་ཞིག་ཡིན་ཡང་། རྒྱུན་པར་ཟས་སྐོམ་གྱི་ཞིམ་མིན་ཁོ་ན་ལ་མི་བརྟག་པར་དེ་དག་གི་རོ་དང་ནུས་པར་རྒྱུས་ལོན་གང་ལེགས་བྱས་ཏེ་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པར་མ་ཟད། ད་ལྟའི་ཐོན་རྫས་འདྲ་མིན་སྣ་ཚོགས་གང་འདོད་ཀྱིས་མི་བཟའ་བར་དེའི་ཕན་ཡོན་དང་ཉེས་དམིགས་སོགས་ལ་རྒྱུས་ལོན་བཟང་པོ་བགྱིས་ཏེ་འོས་འཚམ་གྱིས་བསྟེན་ན་གནོད་པ་ཆེར་མི་འབྱུང་སེམས། འོན་ཀྱང་ལྟོ་སྲོག་ལ་བརྗེ་བ་ལྟར་ཞིམ་མངར་གྱི་བདེ་བ་ཁོ་ནའི་དོན་དུ་བསྟེན་དྲགས་པ་དང་། དེ་དག་གི་ཁྲོད་ཀྱི་སྤོད་སྣ་ཚོགས་དང་ཡང་ན་མི་རུལ་བའི་རྫས་ངན་གང་མང་མང་ཡོད་པ་རྣམས་ལ་དོ་སྣང་མི་བྱེད་པར་རྒྱུན་དུ་བསྟེན་པ་དང་གློ་བུར་དུ་བསྟེན་དྲགས་པ་སོགས་ཀྱི་རྐྱེན་གྱིས་ཕོ་བའི་མེ་དྲོད་ལ་གནོད་པ་བྱུང་སྟེ་ཉེས་པ་ཅི་རིགས་འབྱུང་བའི་ཁ་ཐག་ཇེ་ཉེ་རུ་གཏོང་གིན་ཡོད་པས། དེའི་རིགས་ལ་ནམ་ཡང་མཉམ་འཇོག་བྱས་ཏེ་ལེགས་པོར་བསྟེན་ན་ཡོན་ཏན་ཡིན། རྒྱུད་ལས། གལ་ཏེ་ཟས་ཚོད་མ་ཟིན་ཆུང་གྱུར་ན། ། སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང་། ། ཚད་ལས་འདས་ན་མ་ཞུ་བེ་སྣབས་སྐྱེད། ། དེ་ཡིས་མེ་ཉམས་རླུང་རྒྱུའི་རྩ་སྦུབས་བཀག ། ཕོ་བའི་དྲོད་ཉམས་ཉེས་པ་མ་ལུས་སྐྱེད། ། ཅེས་པ་ལྟར་ཟས་སྐོམ་བཟའ་ཚོད་མ་ཟིན་པར་བསྟེན་ཚད་ལས་ཉུང་ཞིང་དམན་པར་གྱུར་ན་ལུས་ཟུངས་ཀྱི་སྟོབས་སུ་མི་འགྱུར་ལ། གཟི་མདངས་སུའང་མི་འགྱུར། ལུས་སྟོབས་འཕེལ་ཞིང་རྒྱས་པར་ཡང་མི་འགྱུར་བར་མ་ཟད། རླུང་ལས་གྱུར་པའི་ནད་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། སྐྱེད་པའི་རྒྱུ་རུ་གྱུར་ཏེ་ནད་རིགས་སྣ་ཚོགས་འབྱུང་སྲིད། དེ་མིན་ཟས་སྐོམ་ཅི་རིགས་བཟའ་བཏུང་གི་ཚོད་མ་ཟིན་པར་ཚད་ལས་བརྒལ་ནས་ལྷག་པར་མང་པོ་བསྟེན་དྲགས་ན་མ་ཞུ་བ་འབྱུང་བའི་རྐྱེན་གྱིས་བད་ཀན་བེ་སྣབས་སྐྱེད་ཅིང་བེ་སྣབས་དེ་དག་གིས་མེ་ཉམས་རླུང་རྒྱུ་བའི་རྩ་སྦབས་བཀག་པས། ཕོ་བའི་མེ་དྲོད་ཉམས་པར་བཅུག་ནས་ཟས་སྐོམ་གྱི་དྭངས་མ་རང་གནས་སུ་མ་ཞུ་བར་ལོག་འགྲོ་བགྱིས་ཏེ་ཉེས་གསུམ་གྱི་ནད་རིགས་གང་མང་སྐྱེད་པར་བྱེད་པ་ཡིན། དེ་བས་ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་ཟས་སྐོམ་བསྟེན་ཚུལ་གྱི་རྒྱུན་ཤེས་དག་ལ་ནམ་ཡང་སློབ་སྦྱོང་དང་རྒྱུས་ལོན་གང་ལེགས་བྱས་ཏེ་རང་ཉིད་ཀྱི་ལུས་ཟུངས་དང་ལྷག་པར་ཕོ་བའི་མེ་དྲོད་ཀྱི་གནས་བབ་དང་བསྟུན་ཏེ་ཤིན་ཏུ་འོས་ཤིང་འཚམ་པའི་ཟས་སྐོམ་གང་རུང་ཚུལ་བཞིན་བསྟེན་ཤེས་ན་ད་གཟོད་ཐ་མལ་ནད་མེད་དང་ཚེ་རིང་རྒས་སྲ་སོགས་ཀྱི་ཕྱོགས་ལ་ཁ་ཐག་མི་རིང་བ་སྨོས་མ་དགོས་སོ། །

  (མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྤེལ།)