ཚྭ་ཡི་བེད་སྤྱོད་ནུས་པ་རིགས་༤༠།
སྤེལ་བའི་དུས་ཚོད། : 2017-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 ང་ཚོའི་རྒྱུན་ལྡན་གྱི་བཟའ་བཏུང་ནི་ཚྭ་དང་འབྲལ་ཐབས་མེད་པ་ཚང་མས་ཤེས་གསལ་དེ་རེད། ཡིན་ནའང་ཚྭ་ལ་ད་རུང་ནུས་པ་མང་པོ་ཡོད་པ་ཁྱེད་ཀྱིས་ཤེས་སམ།

 གཤམ་དུ་ཚྭའི་བེད་སྤྱོད་ནུས་པ་རིགས་༤༠ངོ་སྤྲོད་བྱས་ཡོད་པས། ཡིད་ལ་ཟུངས།

གཡོས་སྦྱོར།

༡ གཙང་ཉའི་ཉ་ཁྲབ་བཤུ་བའི་སྔོན་ལ་ཉ་དེ་ཚྭ་ཆུའི་ནང་སྦང་ན། ཉ་ཁྲབ་བཤུ་སླ་བར་འགྱུར།

༢ བྱ་སྒོང་གི་གསར་རྙིང་ལ་བལྟ་སྐབས། སྒོ་ང་ཚྭ་ཆུའི་ནང་བཞག་ན་གསར་པ་མར་འབྱིང་དང་རྙིང་པ་ཆུ་ཁར་གཡེང་སྲིད།

༣ བྱ་སྒོང་བཙོ་སྐབས་ཚྭ་ཅུང་ཟད་བཏབ་ན། སྒོ་ང་ཆག་སྐྱོན་ཅན་གྱི་རྣམ་པ་མི་འགྱུར།

༤ སྒོང་སྤྲི་དཀྲུག་སྐབས་ཚྭ་ཅུང་ཟད་བཏབ་ན། སྒོང་སྤྲི་སྙོམས་པོར་འགྱུར་ཐུབ།

༥ བག་ལེབ་སྲེག་སྐབས་སླ་ངའི་མཐིལ་དུ་ཚྭ་ཅུང་ཟད་བཏབ་ན། ཕྱེ་སླང་མཐིལ་དུ་མི་འབྱར་བར་ཕན།

༦ སླ་ང་ཉིས་བརྩེགས་ཅན་དུ་ཁ་ཟས་བཟོ་སྐབས་ཆུའི་ནང་ཚྭ་ཅུང་ཟད་བཏབ་ན་ཟས་འཚོད་སླ།

༧ ཕྲུ་གུའི་བཅུད་ལྡན་ཟས་རིགས་ཏེ་ཀུ་ཤུ་བཙོ་སྐབས་ཚྭ་ཅུང་ཟད་བཏབ་ན་ཀུ་ཤུ་ལྷག་ཏུ་ཞིམ།

༨ ཆུ་མོག་བཙོ་སྐབས་ཚྭ་ཅུང་ཟད་བཏབ་ན་ཕྱི་ཤུན་བརྟོལ་མི་འགྱུར།

༩ ཤ་འཁྱགས་མ་ཚྭ་ཆུའི་ནང་བཞག་ན། འཁྱགས་པ་བཞུ་ཐུབ་པ་མ་ཟད་ཤ་བཅུད་གསར་པ་ཡིན།

༡༠ ཟ་མ་གཡོས་སྦྱོར་སྐབས་ཚྭ་ཅུང་ཟད་བཏབ་ན་སྣུམ་ཕྱི་རུ་མི་ཐོར་བར་ཕན།

གཙང་སྦྲ།

༡༡ ཁོ་ཧྥེ་འགོས་པའི་གྱོན་ཆས་ཚྭ་བཏབ་ན་གཙང་བཀྲུ་བྱ་ཐུབ།

༡༢ པྲ་ཚིལ་དཀར་པོ་དང་ཚྭ། སྐྱུར་ཁུ་དཀར་པོ་མཉམ་བསྲེས་ཀྱིས་ཟངས་གཡའ་བཀྲུ་ཐུབ།

༡༣ ས་གདན་སྟེང་གི་སྣག་ཚའི་ཐོག་ཚྭ་ཅུང་ཟད་བཏབ་ན་ཚྭ་རྡོག་གི་སྣག་ཚ་ལེན་ཐུབ།

༡༤ རྣོ་སྦྲེང་མཐེབ་གནོན་སྟེང་གི་མི་གཙང་བ་ཚྭ་དང་ཤིང་འབྲས་ཉང་མིང་གི་ཁུ་བ་མཉམ་བསྲེས་ཀྱིས་གཙང་མ་བྱ་ཐུབ།

༡༥ ཚྭ་དང་ཆང་བཅུད་མཉམ་བསྲེས་ཀྱིས་གྱོན་ཆས་ཐོག་གི་སྣུམ་གཙང་མ་བྱ་ཐུབ།

༡༦ སྔོ་ཚལ་ཚྭ་ཆུའི་ནང་ཅུང་སྦངས་ན་ས་དང་མི་གཙང་བ་བཀྲུ་སླ།

༡༧ གྱོན་ཆས་ལྕོག་ཙེའི་ཐོག་ཁེབས་རྒུན་ཆང་གིས་སྦགས་ན། ཚ་བཏབ་ན་སྦགས་བཙོག་ཆུང་དུ་གཏོང་ཐུབ།

༡༨ ཚྭ་བཏབ་པའི་སྐྱུར་ཁུས་ཟས་སྣོད་བཀྲུས་ནས་འདག་སླ།

༡༩ ཚྭ་ཡིས་ངོ་འཁྲུ་གཞོང་པ་དང་སྐྱག་ཟོམ་གཙང་མ་བྱ་ཐུབ།

དྲི་སེལ་བ།

༢༠ འོ་མ་བཀོལ་བ་དང་ཟས་གཡོས་སྦྱོར་བྱེད་པའི་སྔོན་ལ་སླང་མཐིལ་སྐམ་པོར་ཚ་བཏབ་ན་བཟའ་ཉོག་གི་བྲོ་བ་སེལ་ཐུབ།

༢༡ ཚྭ་ཆུ་དྲོན་མོས་ཆུ་སྦུག་ནང་གི་དྲི་ངན་སེལ་ཐུབ།

༢༢ སླ་ང་གསར་བའི་མཐིལ་དུ་ཚྭ་བཏབ་ན་ལྕགས་དྲི་ལེན་ཐུབ།

༢༣ གཙབ་གདན་ཐོག་གི་དྲི་ངན་དེ་འབྲས་བཀྲུ་བྱེད་ཀྱི་ཆུའི་ནང་ཚྭ་ཅུང་ཟད་བཏབ་ནས་བཀྲུས་ན་སེལ་ཐུབ།

༢༤ ཉ་དང་བྱ་སོགས་ཀྱི་ནང་ཁྲོལ་ཚ་ཆུ་བྱུགས་རྗེས་བཀྲུས་ན་དམར་དྲི་ལེན་ཐུབ།

ཁྱིམ་ནང་།

༢༥ སོ་འཁྲུད་སྐབས་སོ་ཤད་ཚྭ་ཆུའི་ནང་བཞག་ན་ཁ་ནང་གི་ཕྲ་སྲིན་གསོད་ཐུབ།

༢༦ གྱོན་པ་འཁྲུད་སྐབས་ལྦུ་བ་མང་དྲགས་ན་ཚྭ་ཅུང་ཟད་བཏབ་ན་ལེགས།

༢༧ སྟར་ཀ་སོགས་ཕྱི་ཤུན་སྲ་མོའི་ཤིང་འབྲས་རིགས་ཚྭ་ཆུའི་ནང་ཅུང་སྦང་ན་ནང་འབྲས་ལེན་སླ་བར་འགྱུར།

༢༨ མེ་ཏོག་གསོ་སྐབས་ཚྭ་ཉུང་ཉུང་ལས་མེད་པའི་ཚྭ་ཆུ་གཏོར་ན་མེ་ཏོག་གི་བཞད་ཡུན་རིང་།

༢༩ གྱོན་ཆས་ཀྱི་གཉེར་མ་ལེན་སྐབས་གྱོན་ཆས་རློན་པའི་ཐོག་ཚྭ་ཅུང་ཟད་གཏོར་ན་དབུར་ཏི་ལ་བཙའ་ཆག་མི་སླ།

༣༠ ཚྭ་ཅུང་ཟད་བཏབ་པའི་སྤྱིན་ཆུའི་འབྱར་ཚད་མཐོ།

༣༡ དགུན་དུས་གྱོན་ཆས་སྦང་སྐབས་ཆུ་ནང་དུ་ཚྭ་ཅུང་ཟད་བཏབ་ན། གྱོན་ཆས་མི་འཁྱགས་པར་ཕན།

༣༢ ཚྭ་ཆུས་གྱོན་པ་བཀྲུས་ན། ཐགས་ལས་གྱོན་ཆས་རིགས་ཀྱི་མདོག་མི་འགྱུར་བར་ཕན།

༣༣ འགྱིག་སོབ་ཚྭ་ཆུའི་ནང་སྦངས་ན་བཀོལ་ཡུན་རིང་།

༣༤ ཤུན་ལྤགས་བཤུས་པའི་སིལ་ཏོག་ཚྭ་ཆུའི་ནང་བཞག་ན་མདོག་དང་བྲོ་བ་མི་འགྱུར་བར་ཕན།

བདེ་ཐང་།

༣༥ སོ་ཤད་སྐམ་པོའི་སྟེང་ཚྭ་ཅུང་ཟད་བཏབ་ནས་སོ་བཀྲུས་ན་སོ་དཀར་པོར་འགྱུར་ཐུབ།

༣༦ བུལ་རྐྱང་དང་ཚྭ་ཆུ་བསྲེས་མའི་ཁུ་བས་སོ་བཀྲུས་ན། སོ་སྲ་བརྟན་ཡོང་བར་ཕན།

༣༧ ཚྭ་ཆུས་ཁ་ནང་བཀྲུ་རྒྱུ་རྒྱུན་འཁྱོངས་བྱས་ན་སོ་ནད་སྔོན་འགོག་བྱེད་པར་ཕན།

༣༨ ཚྭ་ཆུ་ཡང་མོས་སྐྲ་བཀྲུས་ན། སྐྲ་སྲུན་ལེན་ཐུབ་ཅིང་སྐྲ་མི་ལྷུང་བར་ཕན།

༣༩ ཆང་འཐུང་རྗེས་ཕོ་བ་བདེ་པོ་མེད་ན་ཚྭ་ཆུ་ཅུང་འཐུང་ན་སྐྱུག་སླ།

༤༠ ཆུ་ཁོལ་དང་མེ་ཡིས་སྲེག་པའི་རྨ་ཁ་ཚྭ་ཆུའི་ནང་སྦང་བའམ་རྨ་ཁའི་སྟེང་ཚྭ་ཆུ་གཏོར་ན་ན་ཚ་ལེན་ཐུབ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། བསྟན་འཛིན།