♪འབུམ་འཚོ་སྐྱིད་ཀྱི་གླུ་གཞས་༼ངས་མ་བརྗེད་སེམས་ལ་དཔར་ཡོད།༽
སྤེལ་བའི་དུས་ཚོད། : 2017-04-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 


ཚིག ཞི་བདེ་ཉི་མ།
དབྱངས། སྙིང་བརྩེ་རྒྱལ།
ལེན་མཁན། འབུམ་འཚོ་སྐྱིད།

གངས་ཤིག་གི་ཕ་རོལ་དེ་ན།།
ཆུ་ཞིག་གི་ཚུར་རོལ་འདི་ན།།
སེམས་ཤིག་གི་རེ་སྒུག་ཀློང་ན།།
མ་དྲིན་མོའི་བརྩེ་བ་འཁྱིལ་ཡོད།
ཕ་བཟང་བོའི་བློ་སྤོབས་འགྲེང་ཡོད།
ཕ་མ་ལགས། དྲིན་ཆེན་ཕ་མ། །
ལུས་པོ་རྒྱང་ལ་གནས་ཀྱང་།།
དྲན་སེམས་མིག་ཆུར་འཐིམ་ཡོད།།
མཇལ་འཛོམས་ཚིག་ལ་བརྒྱུས་ཡོད།།
དྲིན་མ་བརྗེད་སེམས་ལ་དཔར་ཡོད།།

ཚེ་གཅིག་གི་བདེ་སྡུག་ལམ་ན།།
དྲིན་ཞིག་གི་དྲོད་སྐྱིད་འོག་ན།།
ལས་བསོད་ནམས་གཡང་གི་ཀློང་ན།།
བུ་བུ་མོའི་འདབ་ལག་རྒྱས་ཡོད།།
བློ་ཤེས་རིག་མེ་ཏོག་འཁྲུངས་ཡོད།།
ཕ་མ་ལགས། དྲིན་ཆེན་ཕ་མ། །
ལུས་པོ་རྒྱང་ལ་གནས་ཀྱང་།།
དྲན་སེམས་མིག་ཆུར་འཐིམ་ཡོད།།
མཇལ་འཛོམས་ཚིག་ལ་བརྒྱུས་ཡོད།།
དྲིན་མ་བརྗེད་སེམས་ལ་དཔར་ཡོད།།


དངོས་མིང་། འབུམ་འཚོ་སྐྱིད།
གཅེས་མིང་། ཨ་འབུམ།
ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་བརྡལ་འབྲོག་རུ་དཔོན་ཚང་སྡེ་བར་སྐྱེས།
སྐྱེས་སྐར། ༩.༢༧
དགའ་ཕྱོགས། དཔེ་ཀློག གློག་བརྙན་ལ་ལྟ་བ།

ཁོ་མོ་ནི་སྤྲིན་དཀར་གྱི་འདབ་མ་ལྷོད་ཀྱིས་རྒྱུ་ཞིང་མེ་ཏོག་གི་མགོ་ལྕོག་ལྷུག་པོར་གྲོལ་བའི་འབྲོག་གི་ཕ་ས་ནས། ཞང་ཨ་ལུང་ཡང་ལུང་ངག་ལ་བཀུག་སྟེ་གཞོན་པའི་སྐད་ངག་གི་སྙན་ཆ་དམངས་གླུ་ལ་བརྒྱུས་ཏེ་ནར་སོན་ཞིང་། མདོ་འཛིན་གྱི་སྨྲ་ལྕེ་རྒོད་ཅིང་གྱེར་འདོན་གྱི་ལྷོད་ཤ་མངའ་བའི་སྒྱུ་རྩལ་ལ་དགའ་ཞིང་དུང་བའི་འབྲོག་མོ་ཞིག་སྟེ། ད་ལྟ་དེང་རབས་གླུ་གཞས་གཏོང་ལེན་གྱི་ཐད་ལ་གོམ་པ་སྤོས་ཏེ་གནའ་དེང་གི་དབྱངས་རྟ་ཟུང་དུ་འབྲེལ་བའི་སྐད་ངག་གི་ས་ལམ་འཕྲེད་ཀྱིས་གཅོད་བཞིན་ཡོད་པས་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་སྟེ་ཁོ་མོའི་སྒྱུ་རྩལ་གྱི་ལམ་ཁར་སྨོན་འདུན་གྱི་མེ་ཏོག་གཏོར་རོགས།

རྩོམ་ཁུངས། དར་སྲོལ་གསར་མ།
རྩོམ་སྒྲིག་པ། ལྷ་སྐྱིད།