♬གཞས་མ་གཏམ། ༼ས་ཆེན་གྱི་འབོད་པ།༽
སྤེལ་བའི་དུས་ཚོད། : 2017-03-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】




གཞས་ཚིག སེར་ཆེན།
གཞས་གདངས། འོད་ཟེར།
གཞས་པ། འོད་ཟེར།

<༡>
ལོ་ཟླའི་སྐྱོ་ངལ་གྱི་བཞུར་རྒྱུན་བར་ནས།
དྲན་སྣང་གི་དཀྱིལ་ལ་རྨ་ཁ་བབས་སོང་།
འཇགས་མི་སྲིད་པའི་སེམས་ཀྱི་ཡིག་འབྲུ་རེ་རེ།
སྙིང་དམར་པོའི་སྟེང་དུ་ཡང་ཡང་འཁོར་སོང་།
དྲན་སྣང་གང་ན། སེམས་པ་གང་ན།
མིག་ཆུས་དྲུད་པའི་འཁང་སེམས་ཀྱི་ཀློང་ན།
སྐྱོ་བས་དཀྲིས་པའི་གས་ཁ་ཡི་བར་ན།
གང་ན། གང་ན།
འགྱུར་མེད་ཀྱི་གནའ་གཏམ་ཀློང་ན།
བསུབ་མེད་ཀྱི་སྙིང་ཆུང་མགུལ་ན།
རྐང་རྗེས་རི་མོས་བྲིས་པའི་རྗེས་ཤུལ་དམར་པོ།
རྗེས་ཤུལ་ཁུད་ཀྱི་ཡིག་ཆུང་།
བྲག་ལ་བརྐོས་པའི་ཡིད་ཀྱི་གཟུགས་རིས།
གཟུགས་རིས་ངོས་ཀྱི་ལོ་ཟླའི་མེ་ལོང་།
མེ་ལོང་། ལོ་ཟླའི་མེ་ལོང ཡིད་ཀྱི་མེ་ལོང་།
མེ་ལོང་། མེ་ལོང་།
ཟུག་གཟེར་ཐེབས་པའི་ན་ཟུག་རེ་རེ་ཡིད་དུ་བསླངས་སོང་།
རྨི་ལམ་འཁོར་བའི་གདུང་བ་རེ་རེ་ཡིད་ནས་འཕོས་སོང་།

དུས་བསྐལ་བ་ཆགས་པའི་གནའ་གཏམ་དྲན་ནས།
ཡིད་སྐྱོ་བའི་མགྲིན་པ་མཆི་མས་བརྣངས་སོང་།
དུས་ལོ་ཟླས་བཞག་པའི་གདམས་ངག་གསན་ན།
བློ་དྲན་པའི་གཏིང་རིམ་འཁྱགས་པས་བསྡམས་ཡོང་།

ཨུ་ཧུ་ཧུ་་་་་་་ཨུ་ཧུ་ཧུ།
ཀྱག་ཀྱོག་ལམ་བུའི་ཁུགས་སུ་ལྷུང་བའི་རེ་ཆད་རེ་སྡུག
ཡི་གེ་ངུ་བའི་ཐག་སྒྲ།
དཀའ་ངལ་རི་མོའི་ལྟེམས་སུ་བྲིས་པའི་ངར་ཤུགས།
སྔས་སུ་འཕྱུར་བའི་དྲན་པ།
དྲན་པ། དྲན་པ་ཡིད་དུ་ལྷུང་བའི་རེ་སྨོན།
རེ་སྨོན་སྣང་བར་འཐིབས་པའི་ལམ་བུ།
ལས་ཀྱི་མིག་ལ་འཐེན་སོང་། འཐེན་སོང་།
སེམས་ཀྱི་ཐོད་ལ་འཆར་ཡོང་། འཆར་ཡོང་།

<༢>
སྡུག་བསྔལ། སྡུག་བསྔལ་གྱི་ཞིང་ན་འཁོར་བའི།
རེ་སྙེག་གི་ཀློང་དུ་སིམ་པའི།
བསུབ་མེད་ཡིད་དུ་ཟུག་པའི་འདས་པའི་ལོ་རྒྱུས་ཚ་ལམ་ལམ།
འགྱུར་མེད་དྲན་པའི་བྱང་ཁོག་ན་འདར་སིག་སིག
ས་ཆེན་གྱི་ཕང་བར་འཐིམས་པའི་རྣམ་ཤིས་ཀྱི་དབྱངས་རྟ།
རྣམ་ཤེས་ཀྱི་དབྱངས་སུ་བསྡེབས་པའི་ལོ་ཟླའི་རོལ་མོ།
ཡར་ཀླུང་གཙང་འགྲམ་བརྒྱུད་ནས།
མི་ཚོགས་ཁྲི་འབུམ་གྱི་དྲན་འཛིན་ལ་བརྒྱུས་དུས།
སྐྱིད་སྡུག་ལས་འབྲས་ཀྱི་དྲན་པ།
གླུ་སྐད་ཀྱི་གདངས་སུ་འཁོར་ཡོང་།
རྫོགས་ལྡན་རེ་སྒུག་གི་འོད་སྣང་།
ཡིག་ཆུང་གི་མཚམས་སུ་འཆར་སོང་།

འོད་སྣང་གི་བྲང་གཞུང་ལ་འཁྱགས་ཤི་ཐེབས་སྲིད་ཀྱང་།
འཇགས་པ་མེད་པའི་ཟུག་རྔུ་ཡི་གྲང་འདར་ཀློང་ནས།
འཚོལ་འོས་པའི་དྲོད་ཁོལ་དེ་ཡིད་ཀྱི་གཏིང་དུ་ལྷུང་སོང་། ལྷུང་སོང་།
དྲན་འོས་པའི་འབོད་པ་དེ་སྙིང་གི་མཚམས་སུ་འཁྱིལ་སོང་།
ལོ་ཟླས་ཡིད་ལ་བརྐོས་པའི་དྲན་པའི་རྨི་ལམ།
རྨི་ལམ་ངོས་སུ་འབྱར་བའི་ལོ་ཟླའི་བརྐོས་རིས།
རེ་སྐྱོ་རེ་སྡུག་གི་འདུ་འགོད་མང་ཡང་།
ས་ཆེན་པོའི་གཏམ་རྒྱུད་བཀླགས་པའི་སེམས་བྱུང་གིས།
ཁུར་བོས་དེད་པའི་དྲན་སྣང་ལ་གཤོག་པ་ཐོག་སོང་།
རྔུལ་ཆུས་བརླན་པའི་སྙིང་ཁོང་ལ་དན་རྟགས་ཤར་སོང་།

 

 

རྩོམ་སྒྲིག་པ། གཤོག་པ།