འབྲོག་མོ་སྙིང་ལ་རྗེ་བོ།།
སྤེལ་བའི་དུས་ཚོད། : 2016-03-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



རླུང་བུ་ཡར་ལ་ཤུག་ཤུག།
ཆུ་མོ་མར་ལ་ཤག་ཤག།
གནམ་སའི་འདྲེས་མཚམས་དེ་ན།
ཕྱག་གཡས་ཐོད་ལ་ཀེར་བའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
རེ་སྒུག་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།།
ཡར་འགྲོགས་དགའ་མ་རོགས།།
ཨ་རོགས་ཡེ།

སྨུག་པ་ལང་ལོང་གསེབ་ནས།།
རི་གླུ་སིང་སིང་ལེན་པ།།
འཕྱོར་ལྭ་ཕྱིང་དཀར་ཡིན་པ།།
མཁུར་ལ་དམར་ཁ་ཚ་བའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
ལ་གཞས་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།།
ཡར་འགྲོགས་དགའ་མ་རོགས།།
ཨ་རོགས་ཡེ།

ཡུལ་དེ་ལུང་པ་གཅིག་ནས།།
གློ་རྡེག་གཞོན་ཤ་རྫོགས་པ།།
འགྲོགས་ན་ཁ་བརྡ་མེད་པ།།
འགྲོ་ཞོར་ཟུར་མིག་འཕེན་པའི།།
འབྲོག་མོ་སྙིང་ལ་རྗེ་བོ།།
ཚོར་བའི་ནང་ན་ཡོད་རེད།།
ཡར་འགྲོགས་ཆུང་མ་རོགས།།
ཡར་འགྲོགས་དགའ་མ་རོགས།།
ཨ་རོགས་ཡེ།

ཚིག་རྩོམ་མཁན། གངས་དཔལ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་མཁན། ཤེར་བསྟན་དང་མགར་བསམ་འགྲུབ་ཚེ་རིང་།