▶༼ཟས་ཞིམ་པོ་ཡོད་ན་ཕ་མར་སྦྱིན།༽གཡང་མོ་སྒྲོལ་མ། སྟག་སེང་ཐར།
སྤེལ་བའི་དུས་ཚོད། : 2019-01-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】


༼ཟས་ཞིམ་པོ་ཡོད་ན་ཕ་མར་སྦྱིན།༽

ཚིག དཔལ་མགོན་གྱིས་བསྡུས།
དབྱངས། དཔལ་མགོན།
ལེན་མཁན། གཡང་མོ་སྒྲོལ་མ། སྟག་སེང་ཐར།


ལུས་དལ་དྲུག་གཟུགས་གཞི་མ་སྒུར་གོང་།།
གོས་ཡག་པ་ཡོད་ན་ཕ་མར་སྐོན།།
ལུས་དལ་དྲུག་གཟུགས་གཞི་སྒུར་སོང་དུས།།
གོན་འདོད་ཀྱང་སྐ་རགས་མི་ཆོང་གི

མིག་ཁྲ་ཆུང་མཆི་མས་མ་བཀང་གོང་།།
རྟགས་ལྟད་མོ་ཡོད་ན་ཕ་མར་སྟོན།།
མིག་ཁྲ་ཆུང་མཆི་མས་གང་སོང་དུས།།
བལྟ་འདོད་ཀྱང་མིག་གིས་མི་རིག་གི

སོ་སུམ་ཅུའི་སོ་གྲལ་མ་འཐོར་གོང་།།
ཟས་ཞིམ་པོ་ཡོད་ན་ཕ་མར་སྦྱིན།།
སོ་སུམ་ཅུའི་སོ་གྲལ་འཐོར་སོང་དུས།།
ཟ་འདོད་ཀྱང་སོ་ཡིས་མི་ཆོད་ཀི །

གཡང་མོ་སྒྲོལ་མ། ལས་གཉེར་དགེ་རྒན།

སྔ་ཕྱིར་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་དང་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་གདན་ཞུའི་གླུ་མ། གློག་བརྙན་༼འཚར་ལོངས་སྐྱ་བོའི༽བརྗོད་དོན་གླུ་དབྱངས་སོགས་བོད་སྤྱི་ཚོགས་ཡོངས་ཀྱིས་དགའ་བསུ་ཐོབ་པའི་དམངས་གླུ་དང་དེང་གཞས་མང་པོ་བླངས་ནས་རོང་འབྲོག་གྲོང་གསུམ་ཀུན་ཏུ་སྙན་པའི་གྲེ་འགྱུར་ཕྱོགས་བཞིར་མཆེད་ཀྱིན་ཡོད།

སྟག་སེང་ཐར། ལས་གཉེར་དགེ་རྒན།

སྔ་ཕྱིར་མདོ་ཁམས་རྡུང་ལེན་འགྲན་སྡུར་སྐབས་གསུམ་པ་དང་རྒྱལ་ནང་གི་༼ཀྲུང་གོའི་མི་ཆེན་འགྲན་སྡུར།༽ད་དུང་ཞིང་ཆེན་དང་བོད་ཁུལ་གྱི་དགོང་ཚོགས་ཆེ་གྲས་དུ་མར་ཞུགས་པར་མ་ཟད་༼ཕ་ཡུལ་བོང་སྟག་དང་སེམས་ཀྱི་གླུ་ཆུང་།༽སོགས་གླུ་གཞས་རེ་འགའ་དང་། གྱེར་འདོན་༼ག་འདྲ་ཞིག་ལ་དགེ་རྒན་ཟེར།༽༼ཁྱོད་ནི་ཆེས་མཛེས་བའི་ཁྱིམ་བདག་དེ་ཡིན་ནམ།༽སོགས་ལ་དྲ་ལམ་ཁག་ནས་དགའ་བསུ་ཐོབ་མྱོང་། གཞན་གློག་བརྙན་སྐད་སྦྱོར་དང་སྒྲུང་གཏམ་གསར་རྩོམ་སོགས་ཀྱི་ཐད་ནས་ཀྱང་ངལ་ལ་འོས་པའི་གྲུབ་འབྲས་སྨིན་མྱོང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། ལྷ་སྐྱིད།