▶ན་ཆུང་གཞས་མ་ཟླ་བ་གཡང་འཛོམས།༼ང་དང་ལུ་གུ་ཆུང་ཆུང་།༽
སྤེལ་བའི་དུས་ཚོད། : 2019-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་བཅུ་ལ་སོན་པའི་བུ་མོ་ཆུང་ཆུང་ཟླ་བ་གཡང་འཛོམས་ནི་ད་ལྟ་བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་བ་རུ་སློབ་སྦྱོང་ལ་བརྩོན་པ་བསྐྱེད་མུས་སུ་མཆིས་ལ། ཁོ་མོ་ལོ་ན་དྲུག་ཡིན་དུས་ཀྱི་གླུ་ཆུང་བརྩམས་ཆོས་ཐོག་མ་སྟེ༼ མཛའ་མཐུན་གྱི་གླུ་ཆུང་༽ཞེས་པ་༢༠༡༥ལོའི་ཨ་མདོ་བརྙན་འཕྲིན་གྱི་ལོ་ཆུང་བྱིས་པའི་ལོ་གསར་རིག་རྩལ་སྤྲོ་ཚོགས་སུ་ཚུད་ཅིང་། ལོ་དེར་བསྒྲུབ་པའི་མེ་ཏོག་གངས་ལྷ་རྟགས་མའི་ན་ཆུང་གླུ་ལེན་འགྲན་སྡུར་སྐབས་དང་པོའི་སྟེང་དུ་ཞུགས་པས། གླུ་གར་ལ་དུངས་བའི་ཁོ་མོའི་དགའ་ཕྱོགས་ལ་གསེར་གྱི་གཤོག་པ་སྤྲད། དེའི་ཕྱི་ལོ་སྟེ༢༠༡༦ལོར་འབའ་རྫོང་དུ་བསྒྲུབ་པའི་ཨ་མདོ་བརྙན་འཕྲིན་གྱི་ལོ་ཆུང་བྱིས་པའི་ལོ་གསར་རིག་རྩལ་སྤྲོ་ཚོགས་སུ་༼ཨ་ཅེ་དབྱངས་ཅན༽ཞེས་པའི་གླུ་ཆུང་བརྩམས་ཆོས་གཉིས་པ་བླངས། ༢༠༡༨ལོར་བོད་ཀྱི་ཐོག་མའི་འགུལ་རིས་བྱིས་གླུ་༼གངས་ཅན་བྱིས་གླུ༽ལས་ཨམ་སྐད་ཀྱི་གླུ་གཞས་བླངས། དུས་ད་ལྟའང་གླུ་གར་ལ་མོས་པའི་སྤྲོ་བ་ཇེ་ཆེར་རྒྱས་ཏེ་སློབ་སྦྱོང་གི་བར་གསེང་གང་རུང་ནས་མུ་མཐུད་དུ་རོལ་མོའི་གཞུང་ལུགས་ཤེས་བྱ་དང་རྣོ་སྦྲེང་རོལ་ཆས་དཀྲོལ་སྟངས་སོགས་ཀྱི་ཐད་ལ་འབད་པ་བྱས་དང་བྱེད་མུས་སུ་ཡོད་དོ།།



༼ང་དང་ལུ་གུ་ཆུང་ཆུང་།༽

ཚིག ཀྱེ་ཕུར་མཆོག་གསུམ།
དབྱངས། ཤེས་རབ་གཅོད་པ།
གཞས་མ། ཟླ་བ་གཡང་འཛོམས།

ལུ་གུ་ཆུང་ཆུང་སྙིང་གི་འབར་རྡེའུ་ཡིན།
འབར་རྡེའུ་སྤང་ལ་བཀྲམ་ན་ཉམས་རེ་དགའ།
རྫི་བོ་ཆུང་ཆུང་བསམ་པའི་དོན་འགྲུབ་དེ།
མེ་ཏོག་དཀར་དམར་ཚལ་ན་བག་རེ་བྲོ།
གཅིག་ཡ་གཉིས་ཡ་ལུ་གུ་འཚོ།
གསུམ་ཡ་བཞི་ཡ་མེ་ཏོག་འཐུ།
ང་དང་ལུ་གུ་མཉམ་དུ་འཚར་ལོངས་བྱུང་།
རྡོག་བྲོ་ལེབ་མོ་ཀྲིག་ཀྲིག་ཀྲིག
སྙན་མོ་གླུ་དབྱངས་སང་སང་སང་།

ཀ་ཁའི་དབྱངས་རྟ་ངག་གི་དྲིལ་ཆུང་ཡིན།
དྲིལ་ཆུང་རྣ་ལ་དཀྲོལ་ན་ཉམས་རེ་དགའ།
ཡིག་མཁན་ཆུང་ཆུང་བསམ་པའི་དོན་འགྲུབ་དེ།
སློབ་གླིང་མེ་ཏོག་ཚལ་ན་བག་རེ་བྲོ།
གཅིག་ཡ་གཉིས་ཡ་ཀ་ཁ་ཀློག
གསུམ་ཡ་བཞི་ཡ་དྲིལ་ཆུང་དཀྲོལ།
ང་དང་ཀ་ཁ་མཉམ་དུ་འཚར་ལོངས་བྱུང་།
རྡོག་བྲོ་ལེབ་མོ་ཀྲིག་ཀྲིག་ཀྲིག
དཔེ་ཀློག་དབྱངས་རྟ་སང་སང་སང་།

ཡོང་ཁུངས། བོད་གཞས་སྤྱི་སྟེགས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། ལྷ་སྐྱིད།