▶རྡོ་པོའི་གསར་རྩོམ་གླུ་གཞས་༼གངས་ལྷ་མེ་ཏོག༽
སྤེལ་བའི་དུས་ཚོད། : 2017-09-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདམ་གཞུང་རྩྭ་ཐང་སྟེང་དུ་ལྷད་མེད་ཀྱི་འབྲོག་ཕྲུག་ཁྱུ་དང་ལྷན་དུ་དབྱངས་གསལ་གྱི་འབྲི་ཀློག་ལ་གཞོལ་བཞིན་པའི་རོལ་དབྱངས་པ་རྡོ་པོ་ལགས་ནི་སློབ་གསོའི་ལས་དོན་པ་དགེ་རྒན་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སློབ་གསོའི་ལས་ཞོར་དུ་འཚོ་བའི་ཉམས་འགྱུར་ལྡན་ལ་སེམས་ཀྱི་ཚོར་འདུ་ཟབ་པའི་གླུ་གཞས་མང་དག་ཅིག་གསར་རྩོམ་གནང་ཡོད། དེ་སྔོན་གོ་ལའི་བུ་ཕྲུག་གི་བཏོན་པའི་༼ས་གཞིའི་འབོད་སྒྲ༽ཟེར་བའི་ཆེད་བསྒྲིགས་ནང་ཉན་ན་རྣ་བར་འཇེབས་ཤིང་བསམ་ན་སེམས་ལ་སྨན་པའི་བརྩམ་བྱ་མང་ཆེ་བ་ཁོང་གི་བརྩམ་བྱ་ཡིན་ལ། ཁོང་གིས་རོལ་དབྱངས་ལ་བཅངས་པའི་བརྩེ་བ་ནི་རང་ཉིད་ཀྱི་ཁྲག་རྒྱུན་དང་འདྲ་བར་ལུས་ཡོངས་སུ་ཐིམ་ཡོད་པས། ད་ལྟ་སླར་ཡང་རྒྱུན་མཐུད་དུ༼གངས་ལྷ་མེ་ཏོག༽ཅེས་པའི་ཁོང་གི་བརྩམ་བྱ་གསར་པ་ཞིག་སྐྱེ་རྒུའི་སེམས་དབུས་སུ་བཞད་པར་བྱས་ཡོད། ༼གངས་ལྷ་མེ་ཏོག༽དེ་ནི་ཁོང་གི་སེམས་དབུས་ནས་བཞད་པའི་དྭངས་གཙང་གི་མེ་ཏོག་ཞིག་ཡིན་ལ་རྣམ་ཤེས་གླུ་དབྱངས་སུ་ཐིམ་པའི་སེམས་ཀྱི་མེ་ཏོག་ཅིག་ཀྱང་ཡིན།

      ༼གངས་ལྷ་མེ་ཏོག༽

ཚིག རྡོ་པོ་དང་འཇིགས་མེད་རྡོ་རྗེ།

གདངས། རྡོ་པོ།

རོལ་དབྱངས་བསྒྲིགས་བཟོ། སྤུན་ཟླའི་ཀུང་སའི་ཞའོ་ཧྥན།

ཆར་པ་སིམ་སིམ་བབས་པའི་མཚན་མོ་དེ་ལ།

ངའི་ཡིད་སེམས་ལྷོད་ལ་ཕབ་ནས་བར་སྐོར་དུ་ཕྱིན།

བར་སྐོར་ནང་གི་མི་ཚོགས་མང་པོའི་ནང་དུ།

ང་ཡི་དམ་བཅའ་བརྟན་པོའི་ངང་ནས་སྨོན་ལམ་ཞིག་རྒྱབ།

འོད་ཆེམ་ཆེམ་ལྷ་སའི་མཚན་མོའི་ལྗོངས་ལ།

ངའི་སེམས་ཀྱི་གངས་ལྷ་མེ་ཏོག་དྲན་བྱུང་།

གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག

རླུང་བུ་སིལ་སིལ་ལྡང་བའི་ཞོགས་པ་དེ་ལ།

ངའི་མདང་ནུབ་རྨི་ལམ་བསམ་བཞིན་ཇ་ཁང་དུ་ཕྱིན།

ཇ་ཁང་ནང་གི་མི་ཚོགས་མང་པོའི་ནང་དུ།

གསོལ་བྱ་མངར་མོའི་དྲི་ཞིམ་དེ་ནི་གང་སར་དུ་ཁྱབ།

ལྷོད་ཤིག་ཤིག་ཉི་འོད་ལྷ་སའི་ལྗོངས་ལ།

ངའི་སེམས་ཀྱི་གངས་ལྷ་མེ་ཏོག་དྲན་བྱུང་།

གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག

གོམ་པ་དེ་ག་ལེར་ག་ལེར་སྤོས་ནས།

ཕྱག་སྐོར་གྱི་སྐད་སྒྲ་སྙན་པོ་ཐོས་བྱུང་།

གློག་འོད་ཀྱི་འོད་མདངས་དེ་ཡི་འཕྲོད་དུ།

གསང་སྤོས་ཀྱི་དུ་བ་དེ་འདྲའི་ཡིད་དབང་འཕྲོག་པ་ལ།

རྟེན་འབྲེལ་གྱི་རྨི་ལམ་དེ་ཡི་ནང་དུ།

མཛེས་ལྡན་གྱི་གངས་ལྷ་མེ་ཏོག་དྲན་བྱུང་།

རྩོམ་སྒྲིག་པ། གངས་ཕྲུག་བློ་རྒྱ།