♬སྐལ་བཟང་ཚེ་རིང་དང་རྡོ་རྗེ་སྐྱིད༼ངག་གི་དྲིས་གླུ།༽
སྤེལ་བའི་དུས་ཚོད། : 2017-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



ཚིག བེ་དུང་། དབྱངས། སྒྱིས་ཚང་སྐལ་བཟང་ཚེ་རིང་།
མཉམ་ལེན། སྒྱིས་ཚང་སྐལ་བཟང་ཚེ་རིང་། རྡོ་རྗེ་སྐྱིད།

བོད་པའི་བུ་མོ་ཁ་འཇམ་གཤིས་འཇམ་མ།།
གཡང་དཀར་འབྲི་མོ་བཞོ་མཁན་སུ་ཞིག་རེད།།
བརྩེ་བའི་འབྲི་མོ་བཞོ་མཁན་ང་རང་ཡིན།།
ང་ནི་གཡང་དཀར་འབྲི་ཡི་བདག་མོ་ཡིན།།
བོད་པའི་བུ་ཆུང་རུས་བཟང་རིག་བཟང་བོ།།
ཕ་སྐད་གཙང་མ་བཤད་ནོ་སུ་ཞིག་རེད།།
བོད་ཕྲུག་ཕ་སྐད་བཤད་མཁན་ང་རང་ཡིན།།
ང་ནི་དབྱངས་གསལ་སོ་བཞིའི་རྐང་འཛིན།།
བོད་པའི་བུ་མོ་གཤིས་ཡག་སེམས་ཡག་མ།།
ཕ་མ་སེམས་ཀྱིས་སྐྱོང་ནོ་སུ་ཞིག་རེད།།
བྱམས་བརྩེའི་ཕ་མ་སྐྱོང་མཁན་ང་རང་ཡིན།།
ང་ནི་དྲིན་ཆེན་ཕ་མའི་སེམས་རྟེན་ཡིན།།
བོད་པའི་བུ་ཆུང་སྐད་ཡག་འཛུམ་ཡག་གོ།།
པི་ཝང་འབྲུག་མགོ་དཀྲོལ་ནོ་སུ་ཞིག་རེད།།
གདངས་སྙན་པི་ཝང་དཀྲོལ་མཁན་ང་རང་ཡིན།།
ང་ནི་རྒྱུད་དྲུག་སྒྲ་ཡི་བདག་པོ་ཡིན།།
བོད་སྦྲ་སྨུག་ཆུང་ལྷ་ཁྱིམ་གུར་ཁྱིམ་ཡིན།།
བུ་དང་བུ་མོ་ལྷ་མི་དཔལ་མི་ཡིན།།
ཕྲེང་འཛིན་བོད་པའི་གདུང་རྒྱུད་ང་རང་ཡིན།།
ང་ནི་རང་རེའི་བོད་གཞས་ལེན་མཁན་ཡིན།།

རྩོམ་སྒྲིག་པ། རྟ་མགྲིན།