༄༅།། དིང་རིའི་ལྷོ་གཞས།
སྤེལ་བའི་དུས་ཚོད། : 2015-12-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

     དིང་རིའི་ལྷོ་གཞས་ནི་བོད་ལྗོངས་གཞིས་རྩེའི་དིང་རི་རྫོང་ཁུལ་དུ་དར་ཁྱབ་ཆེ་ལ་ས་ཁུལ་གྱི་ཁྱད་ཆོས་ལྷག་ཏུ་ཕྱུག་པའི་དམངས་ཁྲོད་ཀྱི་གླུ་གར་སྒྱུ་རྩལ་ཞིག་ཡིན།
དིང་རི་ནི་བོད་སྐད་དུ་དིང་སྒྲ་སྒྲོག་པའི་རི་བོ་ཞེས་པའི་དོན་ཡིན་ལ་བཤད་རྒྱུན་དུ་བླ་བཙུན་ཞིག་གིས་རྡོ་ཞིག་འཕངས་པའི་སྒྲ་དེས་དིང་ཞེས་པའི་སྒྲ་གདངས་ཐོན་པས་ས་དེར་ཡང་དིང་རི་ཞེས་ཐོགས། དེང་གི་དིང་རི་རྫོང་ནི་བོད་ལྗོངས་ཀྱི་ལྷོ་ནུབ་ཁུལ་དང་ཧི་མ་ལ་ཡའི་རི་ཁུལ་གྱི་བྱང་ཕྱོགས་སུ་གནས་ཤིང་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ནང་གཙོ་བོ་རི་བོ་ཧི་མ་ལ་ཡ་དང་གླག་རྒོད་གངས་རི། དེ་བཞིན་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་སོགས་ཡོད་པས་དིང་རི་ཡང་དེ་དག་གི་མིང་གྲགས་དང་ལྷན་དུ་འཛམ་གླིང་དུ་གྲགས་པ་ཁྱབ།
ལྷོ་གཞས་ནི་སྟོད་གཞས་ཀྱི་ནང་གསེས་ཤིག་ཡིན་ཞིང་ལྷོ་བྱང་གི་དབྱེ་བ་གཉིས་ཡོད་པ་དང་། དིང་རིའི་ལྷོ་གཞས་ནི་ལྷོའི་ཁོངས་སུ་གཏོགས། དེ་ལྟར་དབྱེ་བ་འབྱེད་སྲོལ་ཆེས་སྔ་མོ་ནས་ཡོད་རུང་ངོ་བོའི་ཐད་ནས་བརྗོད་ན་དེ་ནི་ཟློས་གར་གྱི་དབྱེ་བ་མ་ཡིན། དེ་ཡང་དབུས་གཙང་གི་གནས་བཤད་ལྟར་ན། ལ་སྟོད་ནི་རྒྱུན་འབྱམས་སུ་ལྷ་རྩེའི་ནུབ་ངོས་ལ་སྟོད་གཞས་ལ་ཟེར་ཞིང་། ལ་སྟོད་ལའང་ལྷོ་བྱང་གཉིས་སུ་དབྱེ་བ་ཡིན། དེ་ལས་ལ་སྟོད་བྱང་ནི་ངམ་རིང་གིས་ལྟེ་བར་བྱས་པའི་ས་ཁུལ་རྣམས་ཡིན། ལ་སྟོད་ལྷོ་ནི་དིང་རི་ཤེལ་དཀར་ལྟེ་བར་བྱས་པའི་ས་ཁུལ་དག་ཡིན་ལ་དེའི་ཁོངས་སུ་ལྷ་རྩེའི་ནུབ་ངོས་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ས་ཆ་དེ་དག་ཚུད་ཡོད། རྒྱུ་མཚན་དེའི་རྐྱེན་པས་མི་རྣམས་ཀྱི་དིང་རི་དང་ལྷ་རྩེ་ཁུལ་གཉིས་པོའི་སྒྱུ་རྩལ་གྱི་ཁྱད་ཆོས་མི་འདྲ་བར་ངོས་འཛིན་བྱེད་ཀྱི་ཡོད། 
དིང་རིའི་ལྷོ་གཞས་ཀྱི་རྨང་གཞིའི་གོམས་སྟབས་དང་ཁྱད་ཆོས།
རྩ་བའི་སྟངས་སྟབས་ནི་གོམ་པ་གཉིས་ཐེངས་གཉིས་བརྡབ་པ། གོམ་གཉིས་ཐེངས་གཅིག་བརྡབ་པ། འགྲོས་ཕྱི་བཤིགས། རྐང་པ་ཡ་གཅིག་བཀུམ་ནས་སྐོར་བ་བྱེད་པ། རྐང་པ་བཀྱག་ནས་སྐོར་བ་བྱེད་པ། ལག་གཉིས་གཡུག་པ། ལག་གཉིས་སྐེད་ཟེར་བྱེད་པ། སྐེད་ཟེར་ལག་སྟབས། ལག་པ་རྐང་གཡུག་སོགས་ཡོད། ཁྱད་ཆོས་གཙོ་བོ་ནི་རང་དབང་ཆེ་བ་དང་འཁྲུག་ཆ་དོད་པ། ཉམས་འགྱུར་དོད་ལ་འགུལ་ཤུགས་ཆེ་བའོ། །
འཁྲབ་ཆས།
བྱུ་རུའི་སྤ་སྒོར། དུང་དཀར་ལག་གདུབ། མུ་ཏིག་གི་སྐེ་བཏགས། གའུ། ཆབ་ཆབ། ཙེའི་ཙེའི། སྡིག་རག་སོགས་ཡོད།
འཁྲབ་སྟོན་གྱི་རྣམ་པ་དང་རྩ་བའི་ཁྱད་ཆོས།
འཁྲབ་སྟོན་གྱི་རྣམ་པ་ནི་སྒོར་སྒོར་བྱས་ནས་འཁྲབ་པ་དང་ཆེས་སྒོར་སྒོར་བྱས་ནས་འཁྲབ་པ། སྐྱེས་པ་སྒོར་ཕྱེད་དང་བུད་མེད་སྒོར་ཕྱེད་དུ་གྲུབ་པའམ་ཡང་ན་མཉམ་དུ་འདྲེས་ནས་འཁྲབ་པ། རོལ་ཆ་དཀྲོལ་གཏོང་ལ་རྩེ་རྩེ་དང་སྒྲ་སྙན། རོལ་མོ་མཁན་ནི་རོལ་ཆ་དཀྲོལ་གཏོང་བྱེད་མཁན་ཡིན་ལ་གར་སྣེ་བ་ཡང་ཡིན་ཞིང་། གར་མཁན་ཚོའི་དཀྱིལ་ལམ་ཡང་ན་ཆེས་ཐོག་མ་ནས་འཁྲབ་གཏོང་བྱེད་དགོས། ཞབས་བྲོའི་སྟངས་སྟབས་སྒྱུར་བའི་སྐབས་སུ་གཞས་དཔོན་གྱིས་ལགས་སོ་ཞེས་སྐད་སྒྲ་མཐོན་པོས་བོས་ཏེ་སྟངས་སྟབས་དང་རྣམ་པ་སྒྱུར་དགོས་ལ། སྒྱུར་ཚུལ་ཡང་མགྱོགས་འགྲོས་དང་དལ་འགྲོས་གཉིས་ཡིན། སྔོན་ལ་དལ་འཁྲབ་དང་ཕྱིས་སུ་མགྱོགས་འཁྲབ་ཡིན་ལ། མགྱོགས་འཁྲབ་ནི་ཞབས་བྲོ་གཙོ་བྱེད་པ་དང་དལ་འཁྲབ་ནི་གཞས་གཏོང་བ་གཙོ་བོ་ཡིན། འཁྲབ་ཀྱིན་དུ་གཞས་གཏོང་བ་དང་འཁྲབ་ཀྱིན་ཏུ་ནང་བསྐོར་རྒྱག་གི་ཡོད། འཁྲབ་མི་མང་ཤོས་ལ་བརྒྱ་ལྷག་དང་ཉུང་ཤོས་ལ་བཅུ་ལྷག་ལས་མེད་ལ་རྒན་དར་གཞོན་གསུམ་གྱིས་འཁྲབ་ཆོག་ཅིང་རྒྱན་གོས་དམིགས་བསལ་མེད།
གཞས་ཚིག་གཙོ་བོ།
རི་བོ་སྟོད་ཀྱི་ཡུལ་ལ། འཛམ་གླིང་ཡང་རྩེའི་གཙུག་རྒྱན།
འཛམ་གླིང་ཡང་རྩེའི་གཙུག་རྒྱན།
གཙུག་རྒྱན་མཆོད་རྟེན་དཀར་པོ། ཇོ་མོ་གླང་མ་ཡིན་ནོ།།
ཇོ་མོ་གླང་མའི་རི་རྒྱུད།།རི་རྒྱུད་དུང་ལས་དཀར་བ།།
དཀར་གཙང་ལྷད་མེད་མཇལ་དར།། ང་ཡིས་ཁྱེད་ལ་ཕུལ་ཡོད།།
ཇོ་མོ་གླང་མའི་རི་རྒྱུད།།
རི་རྒྱུད་དུང་ལས་དཀར་བ།། དཀར་གཙང་ལྷད་མེད་མཇལ་དར།།
ང་ཡིས་ཁྱེད་ལ་ཕུལ་ཡོད།།
གནས་ཆེན་ཙ་རིའི་རི་ལ།། དགོན་པ་བརྒྱ་ཚ་གཅིག་བརྒྱུད།།
དགོན་པ་བརྒྱ་ཡི་དཀྱིལ་ནས།། ལྷ་སྟོང་དཔལ་སྐྱིད་དགོན་པ།།
གནས་ཆེན་ཙ་རིའི་རི་ལ།། དགོན་པ་བརྒྱ་ཚ་གཅིག་བརྒྱུད།།
དགོན་པ་བརྒྱ་ཡི་དཀྱིལ་ནས།། ལྷ་སྟོང་དཔལ་སྐྱིད་དགོན་པ།།
དིང་རིའི་ལྷོ་གཞས་ཀྱི་རྒྱུད་འཛིན་པ་སྟོབས་རྒྱལ་ལགས་ནི་དགུང་ལོ་༤༩ལ་ཕེབས་ཤིང་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་ཤེལ་དཀར་གྲོང་བརྡལ་གྱི་མི་ཡིན་ཞིང་། ཆུང་དུས་ནས་ས་ཁུལ་དེ་གའི་དམངས་ཁྲོད་སྒྱུ་རྩལ་ལ་ཤིན་ཏུ་དགའ། ལོ་བཅུ་བདུན་ནས་མགོ་ཚུགས་ཏེ་རྒན་རབས་ཚོ་དང་མཉམ་དུ་སློབ་སྦྱོང་བྱས་ཤིང་། ཕྱིས་སུ་ཁུལ་དེའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་དབང་ཕྱུག་དགེ་རྒན་དུ་བསྟེན་ནས་སློབ་སྦྱོང་བྱས། དབང་ཕྱུག་གི་གསོ་སྐྱོང་འོག་གང་མགྱོགས་ལྷོ་གཞས་འཁྲབ་རྩལ་དང་རོལ་ཆའི་དཀྲོལ་གཏོང་སོགས་ལེགས་པར་ཤེས། གཞིས་ཀ་རྩེ་ས་གནས་ཨུ་ལྷན་གྱི་གལ་ཆེའི་འཁྲབ་སྟོན་བྱེད་སྒོར་ཐེངས་མང་ཞུགས་མྱོང་པ་དང་། ལྷོ་གཞས་ཀྱི་སྲུང་སྐྱོབ་དང་རྒྱུད་འཛིན། དྲིལ་བསྒྲགས་བཅས་ཀྱི་ཐད་ལ་རང་ནུས་གང་ལེགས་འདོན་སྤེལ་བྱེད་བཞིན་ཡོད།
རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། ཟླ་བ་ཚེ་རིང་། བདེ་ལྷ་མོ།