༄༅།། ལྷ་རྩེའི་སྟོད་གཞས།
སྤེལ་བའི་དུས་ཚོད། : 2016-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
《གཙང་སྟོད་རྣམ་རྒྱལ་ལྷ་རྩེ》ཞེས་པའི་ལྷ་རྩེའི་སྟོད་གཞས་འདི་ནི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་གདོད་མའི་དམངས་གླུ་འཚོལ་བསྡུ་དཔྱད་འདེམས་བྱེད་སྒོའི་བྱ་དགའ་ཐོབ་པའི་འགྲན་ཞུགས་དམངས་གླུ་ཞིག་ཡིན་ཞིང་། ལྷ་རྩེའི་སྟོད་གཞས་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་དུ་དར་ཁྱབ་བྱུང་བས་ལྷ་རྩེའི་སྟོད་གཞས་ཞེས་སུ་འབོད། ཞབས་བྲོ་དེ་ནི་ཁུལ་དེ་གའི་མང་ཚོགས་ཀྱིས་ཤིན་ཏུ་དགའ་པོ་བྱེད་པའི་དམངས་ཁྲོད་གླུ་གར་གྱི་གྲས་ཤིག་ཡིན།
ལྷ་རྩེ་ཞེས་པ་ནི་ཞོགས་པའི་ཉི་འོད་ཐོག་མར་ལྷག་གེར་རྫོང་མཁར་གྱི་རྩེ་མོར་འཕྲོ་བའི་དོན་ལ་རིམ་འགྱུར་བྱུང་བ་ཞིག་ཡིན་ཞིང་། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲ་ཞེས་པའི་ནང་བོད་བཙན་པོའི་རྒྱལ་རབས་གསར་འཛུགས་བྱས་པའི་སྔ་རྗེས་ཙམ་ལ་ཚོ་པ་ཁག་ཁ་འཐོར་གྱི་རྣམ་པ་ཡིན་ཞེས་བཀོད་ཡོད་པ་དང་། ས་སྐྱས་སྲིད་དབང་བཟུང་བའི་སྐབས་ས་འདིར་སྟོང་སྐོར་དང་བརྒྱ་སྐོར་འཛུགས་མྱོང་ལ། དེའི་རྗེས་ཀྱི་ཕག་གྲུའི་སྲིད་དབང་དང་། གཙང་པ་སྡེ་སྲིད། བཀའ་ཤག་སྲིད་གཞུང་སོགས་བོད་ས་གནས་སྲིད་གཞུང་རིམ་བྱུང་སྐབས་ལ་ས་འདིར་ལྷ་རྩེ་རྫོང་དང་ཕུན་ཚོགས་གླིང་རྫོང་གཉིས་དང་། དིང་རི། ས་སྐྱ། ངམ་རིང་སོགས་ཚུད་པའི་ས་ཁུལ་ལ་ཟེར། དབུས་གཙང་གནས་ཡིག་ཤོག་གྲངས་༡༨༨ཀྱི་ནང་། སྟོད་ཕྱོགས་ཞེས་པའི་སྟོད་ནི་གོང་གི་དོན་དང་། གནའ་བོའི་དུས་སུ་ལྷ་རྩེ་ཡར་རྒྱབ་ཀྱི་མངའ་རིས་ས་ཁོངས་ལ་སྟོད་ཅེས་འབོད་ཀྱི་ཡོད། སྟོད་ཕྱོགས་ཞེས་པའི་ཐ་སྙད་འདི་ཡང་སྔ་ཤོས་ལ་ཏུན་ཧོང་ཡིག་རྙིང་ནང་བཀོད་ཡོད། གཞས་ནི་གླུ་གར་གྱི་དོན་ཡིན་པས་བོད་མི་ཚོས་ས་ཁུལ་འདིར་དར་བའི་གླུ་གར་གྱི་རིགས་འདི་ལ་སྟོད་གཞས་སམ་སྟོད་པའི་གཞས་ཞེས་སུ་འབོད་པ་ཡིན། རྒྱ་རིགས་ཀྱིས་ལྷ་སའི་སྟོད་གཞས་དང་རྐང་བརྡབ་ཞབས་བྲོ་ཞེས་སུ་འབོད། ཡིན་ནའང་ས་ཆ་དེ་གའི་མིས་སྒོར་གཞས་ཞེས་འབོད་ཀྱིན་ཡོད་དོ།།
     
 ལྷ་རྩེའི་སྟོད་གཞས་ནི་སྒྲ་སྙན་གྱིས་རོལ་ཆ་གཙོ་བོར་བྱས་ཐོག་རོལ་ཆ་རང་དཀྲོལ་དང་། གླུ་དབྱངས་རང་ལེན། ཞབས་བྲོ་རང་འཁྲབ་བཅས་ཀྱི་གླུ་གར་སྒྱུ་རྩལ་ཞིག་ཡིན་ཞིང་། དེ་དང་བོད་ཀྱི་དམངས་ཁྲོད་གླུ་གར་གཞན་དབར་མི་འདྲ་བའི་ཆ་ཆེན་པོ་ཡོད།
ལྷ་རྩེའི་སྟོད་གཞས་ལ་མགྱོགས་གཞས་དང་དལ་གཞས་གཉིས་སུ་དབྱེ་བ་དང་། མགྱོགས་གཞས་ལའང་འགོ་འཇོག་དང་། བར་འཇོག མཇུག་འཇོག་བཅས་སུ་དབྱེ་ཞིང་། འགོ་འཇོག་དང་འཇུག་མཇོག་གི་རོལ་དབྱངས་དང་ཞབས་བྲོ་སྤྱིར་བཏང་ཚང་མ་གཅིག་པ་ཡིན། དལ་གཞས་ཀྱི་རོལ་དབྱངས་ཅུང་འགོར་ཞིང་། གླུ་དབྱངས་ཀྱི་རྣམ་པའི་ཁྱད་ཆོས་ཡོད་ལ། ཉམས་འགྱུར་ཐད་འགྱུར་ཁུག་བདེ་ལ་སྙན་འཇེབས་ལྡན་པ། བརྩེ་དུང་གཏིང་ནས་མཚོན་པ། སྐད་གདངས་སྦྱོར་ཚུལ་གྱི་ནུས་པ་ལྡན་ཡོད། མ་གཞི་གླུ་དང་མཉམ་དུ་བྲོ་གར་འཁྲབ་རྒྱུ་ཡོད་ཀྱང་སྟབས་བདེ་ལ་འགྱུར་བ་ཉུང་། འགྲོ་བཞི་འཇོག་གཉིས་དང་ལག་གཉིས་རྒྱབ་མདུན་དུ་གཡུགས། མགྱོགས་གཞས་ནི་དེ་དང་མི་འདྲ་བར་འདེགས་འཇོག་མགྱོགས་ཤིང་སྤྲོ་ཉམས་དོད་པ། ཞབས་བྲོའི་རྣམ་པ་ཕུན་སུམ་ཚོགས་པ། རྐང་བརྡབ་རྣམ་པ་མང་ཞིང་འཁྲུག་ཆ་དོད་པ་སོགས་ཀྱི་ཁྱད་ཆོས་ལྡན། སྔོན་ལ་དལ་གཞས་འཁྲབ་པ་དང་། གཞས་ཚིག་དུམ་བུ་མང་བར་བརྒྱད་དང་ཉུང་བར་བཞི་ཙམ་ཡོད་པ་དང་། བྲོ་པས་ལགས་སོ་ཞེས་པའི་སྒྲ་དང་བཅས་དལ་གཞས་མཇུག་བསྒྲིལ་ཏེ་མགྱོགས་གཞས་འགོ་འཛུགས་པ་དང་། ཡང་མགྱོགས་གཞས་ཀྱི་བར་བརྗོད་མཇུག་སྒྲིལ་མཚམས་ལགས་སོ་ཞེས་པའི་སྒྲ་དང་བཅས་མགྱོགས་གཞས་ཀྱི་མཇུག་མཇོག་འགོ་འཛུགས་པ་ཡིན། མཇུག་འཇོག་མཇུག་སྒྲིལ་མཚམས་བྲོ་པས་གར་གྱི་སྟངས་སྟབས་དང་། རོལ་དབྱངས་ཀྱི་འདེགས་འཇོག འབོད་སྒྲ་དང་བཅས་གཅིག་གྱུར་ངང་བཀྲ་ཤིས་གཅིག་གཉིས་གསུམ་ཞེས་ཟེར་ནས་ཞབས་བྲོ་མཇུག་སྒྲིལ་བ་ཡིན། ཕོ་མོའི་སྟངས་སྟབས་སྤྱིར་གཅིག་པ་ཡིན་པ་གང་ཞིག སྐྱེས་པའི་ཞབས་བྲོ་ལྷབ་ཆེ་ཞིང་སྤྲོ་ཉམས་དོད་པ། བུད་མེད་ཀྱི་ཞབས་བྲོ་ཉམས་ཆུང་ཞིང་འཇམ་ཤ་དོད་པ་ཡོད།
 
ལྷ་རྩེའི་སྟོད་གཞས་ནི་རྐང་འགྲོས་གཙོ་བོ་བྱས་པའི་བག་ཕེབས་ལ་བདེ་འཁྱུག་ལྡན་པ། སྤྲོ་སྣང་ཆེ་ལ་འཁྲུག་ཆ་དོད་པ། ཡང་ན་ཉམས་དོད་ལ་རང་གཞན་སྤྲོ་བ་འཕེལ་བར་འཕེལ་བར་བྱེད་ནུས་པའི་དམངས་ཁྲོད་གླུ་གར་ཞིག་ཡིན། དེར་གཏན་འཁེལ་གྱི་གར་སྟེགས་དང་དུས་ཚོད་མི་དགོས་པར་ཡུལ་དུས་གང་དུའང་འཁྲབ་སྟོན་བྱས་ཆོག སྤྱིར་བཏང་བྱས་ན་པང་ལེབ་ཅིག་རྐང་འོག་ཏུ་འཇོག་པ་དང་རྐང་པ་བརྡབ་སྐབས་རྐང་སྒྲ་གསལ་བ། དུས་ཆེན་དགའ་གཏོང་དང་ངལ་རྩོལ་གྱི་བར་གསེང་དུ་མི་མང་ཉུང་ལ་མ་བལྟོས་པར་གང་དགའ་གང་སྐྱིད་ངང་འཁྲབ་སྟོན་བྱས་ཆོག་པ་ཞིག་ཡིན་པ་མ་ཟད། དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད།
ལྷ་རྩེའི་སྟོད་གཞས་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱུན་གཏན་གྱི་ལོ་གསར་སོགས་དུས་ཆེན་དགའ་གཏོང་དང་། བག་སྟོན་མཛད་སྒོ། ངལ་རྩོལ་བར་གསེང་། དེ་བཞིན་དམིགས་བསལ་གྱི་དུས་སྟོན་སྐབས་སུ་འཁྲབ་སྟོན་བྱེད་པའི་གླུ་གར་ཞིག་ཡིན། དེའི་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་འཁྲུག་ཆ་དོད་པས་བོད་རིགས་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གླུ་གར་འདི་ནི་རྣམ་པ་ཧ་ཅང་མང་ཞིང་གྲོང་གསེབ་དང་གྲོང་ཁྱེར། མཐོ་རིམ་དང་དམངས་ཁྲོད། ཁང་པའི་ཕྱི་ནང་། ཕོ་མོ་རྒན་གཞོན། དབྱར་དགུན་སྟོན་དཔྱིད། མི་རྐྱང་དང་མི་ཚོགས་ལ་སོགས་པའི་ཚད་བཀག་མེད་པར་འཁྲབ་སྟོན་བྱས་ཆོག་པ་ཞིག་དང་། འགྲོ་འོང་རང་དབང་ཡིན་པས་སུས་ཀྱང་ཚོད་འཛིན་བྱེད་མཁན་མེད། འཁྲབ་སྟོན་བྱེད་སྐབས་མི་མང་ཉུང་ལ་གཞིགས་ནས་མི་མང་ན་བསྐོར་བ་ཆེ་ཙམ་ཞིག་དང་མི་ཉུང་ན་བསྐོར་བ་ཆུང་ཙམ་མམ་སྒོར་ཕྱེད་དུ་བསྡོད། ཡང་ན་རུ་སྟར་རྐྱང་སྒྲིག་བྱེད་ཀྱི་ཡོད། བྲོ་དཔོན་ཕོ་མོ་གཉིས་ཀྱི་རུ་སྒོར་ཆགས་པའི་སྐབས་སྐོར་བ་གཡས་བསྐོར་གྱིས་འཁྲབ་སྟོན་བྱེད་ཀྱི་ཡོད། བྲོ་པ་ཕོ་གཞོན་རྣམས་རོལ་ཆ་ཡོད་རིགས་རོལ་ཆ་བསྣམས་ནས་རོལ་ཆ་དཀྲོལ་གཏོང་དང་ཆབས་ཅིག་ཏུ་གླུ་ལེན་གར་འཁྲབ་ལ་རོལ་བ་ཡིན། གཞས་ཚིག་གི་ནང་དོན་ཐད་ལོ་རྒྱུས་ཀྱི་མི་སྣར་བསྔགས་པ་བརྗོད་པ་དང་། ཕྱིའི་བཙན་འཛུལ་ལ་རྒོལ་ཅིང་རྒྱལ་ཁབ་ལ་གཅེས་པ། ཆོས་ལུགས་ཀྱི་དད་མོས་དང་འཚོ་བ་ལ་ཞེན་པ། དེ་བཞིན་རུལ་སུངས་ཀྱི་སྲིད་དབང་རྙིང་པར་ཟུར་ཟ་བྱེད་པ་མ་ཟད། མང་ཆེ་བ་ནི་གཞོན་ནུ་ཕོ་མོའི་བརྩེ་དུང་དང་འཚོ་བའི་རེ་སྨོན་མཚོན་པའི་ནང་དོན་ཡིན། མ་གཞི་ལྷ་རྩེའི་སྟོད་གཞས་ནི་གླུ། གར། རོལ་ཆ་གསུམ་གཅིག་ཏུ་འདྲེས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཡང་། ཞབས་བྲོ་དང་གཞས་ཚིག་གི་ནང་དོན་ཐད་འབྲེལ་བ་དེ་ཙམ་གྱི་ཆེན་པོ་མེད་དེ་དཔེར་ན། གཞས་ཚིག་གི་ནང་དོན་ལ་དགའ་སྐྱོ་ཆགས་སྡང་ཅི་རིགས་ཡོད་ཀྱང་། ཞབས་བྲོའི་སྟངས་སྟབས་དང་བསམ་བློའི་རྣམ་འགྱུར་ལ་འགྱུར་བ་དེ་ཙམ་མེད་པའོ། །
 
ལྷ་རྩེའི་སྟོད་གཞས་ཀྱི་འཁྲབ་ཆས་ནི། སྒྲ་སྙན་དང་། གའུ། སྐེ་བཏགས། མུ་ཏིག་ཆབ་ཆབ། སྡིག་རྭ་གློ་ཕྲེང་། བྱུ་རུའི་སྤ་ཕྲུག་བཅས་ཡིན།
ལྷ་རྩེའི་སྟོད་གཞས་ཀྱི་མིག་སྔའི་རྒྱུད་འཛིན་མཁན་ནི། ད་ལྟ་དགུང་ལོ་༦༨ལ་ཕེབས་པའི་བགྲེས་སོང་ལྷག་པ་ལགས་ཡིན། ཁོང་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ལྷ་རྩེ་གྲོང་བརྡལ་དུ་འཁྲུངས། ལོ་བཅུ་གསུམ་ཙམ་ནས་ཡུལ་མི་བགྲེས་སོང་ཚོ་དང་མཉམ་དུ་སྒྲ་སྙན་དཀྲོལ་གཏོང་དང་སྟོད་གཞས་སློབ་སྦྱོང་གནང་། ཁོང་རིག་པ་རྣོ་ཞིང་སྒྱུ་རྩལ་གྱི་བག་ཆགས་ཟབ་པས་གང་མགྱོགས་སྒྲ་སྙན་དཀྲོལ་གཏོང་དང་སྟོད་གཞས་ལ་མཁས་པ་ཞིག་ཏུ་གྱུར། ༢༠༠༤ལོར་ཀྲེ་ཅང་དུ་གཉེར་བའི་སྐབས་བཅུ་གསུམ་པའི་སྒྱུ་རྩལ་པའི་ཁྱུ་ཚོགས་བྱ་དགའི་འགྲན་ཚོགས་ནང་ཁོང་ལ་གསེར་གྱི་རྟགས་མ་ཐོབ་མྱོང་། ཁོང་གིས་སྟོད་གཞས་སྒྱུ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས། གསར་གཏོད། དེ་བཞིན་རྒྱུད་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པས་ཡུལ་མི་ཚོས་ཁོང་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད།
རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། ཟླ་བ་ཚེ་རིང་དང་བདེ་ལྷ་མོ།