༄༅།།དཔལ་མགོན་གྱི་གཞས་ཆེན།
སྤེལ་བའི་དུས་ཚོད། : 2015-12-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
དཔལ་མགོན་གཞས་ཆེན་གྱི་མིང་གཞན་ལ་སྒོར་གཞས་ཀྱང་ཟེར་ཞིང་། དེ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གི་མངའ་ཁོངས་སུ་དར་ཁྱབ་བྱུང་་ལ། ལོ་རྒྱུས་ཡུན་རིང་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་ཞིག་རེད།
   དཔལ་མགོན་ནི་དཔལ་མགོན་མཚོའི་ཉེ་འགྲམ་དུ་གནས་པས་མཚོའི་མིང་གྲོང་ལ་ཐོགས་ཤིང་། དཔལ་མགོན་གཞས་ཆེན་ནི་དཔལ་མགོན་རྩྭ་ཐང་ཐོག་དགའ་སྤྲོ་རབ་ཏུ་འཕེལ་ཞིང་བློ་གཤོག་ཡངས་པོས་འཁྲབ་སྟོན་བྱེད་པའི་གླུ་གར་ཞིག་ཡིན་ལ། དེ་ནི་འབྲོག་པ་མང་ཚོགས་ཀྱིས་དུས་སྟོན་སྐབས་འཁྲབ་སྟོན་བྱེད་པར་དགའ་བའི་གླུ་གར་ཞིག་ཀྱང་ཡིན། ལྷག་པར་རྟ་རྒྱུག་དུས་ཆེན་སྐབས་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ཤ་མར་ཐུད་གསུམ་གྱི་ཟས་རིགས་སྣ་འཛོམས་ཁྱེར་ནས་རྩྭ་ཐང་ཐོག་འདུ་འཛོམས་བྱེད་པ་དང་། ཉིན་མོ་རྟ་རྒྱུག་འགྲན་བསྡུར་དང་དངོས་ཟོག་བརྗེ་རེས་དང་སྒྲུང་པའི་གླིང་སྒྲུང་གི་འཆད་གྱེར་ལ་ཉན་པ་དང་། མཚན་མོ་ཟིན་མ་ཐག་མི་རྣམས་ཁྱུ་དང་ཁྱུ་བསྒྲིགས་ནས་བྲོ་རར་འཛོམས་ཐོག་བྲོ་རའི་དབུས་ཀྱི་མེ་ཕུང་བསྐོར་ཏེ་གླུ་ལེན་གར་འཁྲབ་བྱས་ཏེ་ནམ་མ་ལངས་བར་སྡོད་ཀྱི་ཡོད་ཅིང་། དཔལ་མགོན་གཞས་ཆེན་ནི་སྐབས་དེ་དུས་སོགས་སུ་འཁྲབ་པར་དགའ་བའི་གླུ་གར་གྱི་རིགས་ཤིག་ཡིན། 

   
འདི་ནི་གཞོན་ནུ་ཕོ་མོའི་སྙིང་གཏམ་ཤོད་པའི་གོ་སྐབས་བཟང་ཤོས་ཤིག་དང་། གླུ་གར་གྱི་བྱེད་སྒོའི་ཁྲོད་ནས་སྙིང་གི་དགའ་མ་ཡང་འཚོལ་ཐུབ་ཀྱི་ཡོད། འབྲོག་པ་རྣམས་ལོ་གཅིག་དུས་བཞི་ཚང་མ་ཕྱུགས་འཚོས་ནས་ས་ཕྱོགས་གང་སར་འགྲོ་དགོས་པས་ལོ་གཅིག་ནང་མཛའ་གྲོགས་ཐུག་འཕྲད་བྱེད་པའི་དུས་ཚོད་ཧ་ཅང་དཀོན་པས་ཁོ་ཚོས་སྐབས་འདི་དུས་ཕན་ཚན་སྙིང་གཏམ་ཤོད་རེས་དང་། འཛད་མཐའ་མེད་པའི་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད། དེས་མ་ཚད་སྐབས་དང་དུས་འདི་ལ་རང་གི་ཚེ་གང་གཏན་གྲོགས་ཡང་རྙེད་ཐུབ་ཀྱི་ཡོད་པར་བརྟེན་སྐབས་དེར་ཕོ་གསར་ཚོས་མཛེས་མའི་ཆེད་དུ་བྲོ་གར་འཁྲབ་པ་དང་། གཞོན་ནུ་མས་ཕོ་གསར་གྱི་ཆེད་དུ་བྲོ་གར་འཁྲབ་ཀྱི་ཡོད་པས་རང་གི་འཁྲབ་རྩལ་དང་གར་གྱི་ཉམས་གྱུར་མི་སྟོན་ཅི་ལ་སྲིད། དེ་ཕུད་གཉེན་སྒྲིག་དགའ་སྟོན་དང་གཉེན་ཉེ་འདུ་འཛོམས་བྱེད་པའི་སྐབས་གཞས་ཆེན་འཁྲབ་ནས་བཀྲ་ཤིས་དང་དགའ་སྤྲོ་འཕེལ་བར་བྱེད་ཀྱི་ཡོད།
  འཁྲབ་ཆས། སྟོད་ཁོག ཨ་སོ། གློ་གྲི། མདེལ་ཤུབས། ཆབ་མ། ཚར་ཞྭ།

འཁྲབ་སྟོན་གྱི་རྣམ་པ་དང་རྩ་བའི་ཁྱད་ཆོས།
     དཔལ་མགོན་གཞས་ཆེན་འཁྲབ་སྐབས་ཕོ་མོ་མཉམ་འཁྲབ་དང་། ཡང་ན་སྐྱེས་པ་དང་བུད་མེད་ཀྱི་ཁེར་འཁྲབ་བྱེད་ཀྱི་ཡོད། གཞས་ཆེན་འཁྲབ་སྐབས་སྐྱེས་པ་དང་བུད་མེད་ཀྱི་ཕྱོགས་གཉིས་པོ་ནས་གཞས་དཔོན་རེ་ཐོན་དགོས་པ་དང་། གཞས་ཆེན་འཁྲབ་སྐབས་མི་གྲངས་ལ་ཚད་བཀག་མེད། མི་གྲངས་ཉུང་བའི་སྐབས་མི་བཅུ་གྲངས་ཁ་ཤས་དང་མང་བའི་སྐབས་བརྒྱ་ལྷག་ཙམ་ཡོད། འཁྲབ་མིའི་མི་གྲངས་ཡང་ཞབས་བྲོའི་ནང་ཞུགས་མཁན་གྱི་མི་གྲངས་ལ་གཞིགས་ནས་གཏན་འཁེལ་བྱེད། དེའི་ནང་ཕོ་མོ་དང་རྒན་གཞོན་གྱི་དབྱེ་བ་མེད་པར་ཚང་མ་ཞུགས་ཆོག རོལ་ཆའི་རམ་འདེགས་གང་ཡང་མི་དགོས་པར་སྐྱེས་པས་གཞས་དུམ་བུ་གཅིག་བཏང་སྟེ་ཕོ་མོ་མཉམ་འཁྲབ་བྱེད་པ་དང་། ཡང་བུད་མེད་ཀྱིས་གཞས་དུམ་བུ་གཅིག་བཏང་སྟེ་ཕོ་མོ་མཉམ་འཁྲབ་བྱེད་བཞིན་སྐོར་བ་གཡས་སྐོར་བྱས་ནས་འགྲོ། བྲོ་གར་ལའང་འཁྲུག་གཞས་དང་དལ་གཞས་ཀྱི་དབྱེ་བ་ཡོད་པ་དང་། སྔོན་ལ་དལ་གཞས་དུམ་བུ་འགའ་འཁྲབ་པ་དང་། དེ་རྗེས་འཁྲུག་ཏུ་གཏོང་། དེ་ནས་དུམ་མཚམས་རེ་རེ་བཞིན་འཁྲུག་ཆ་དོད་དུ་བཏང་མཐར་འཁྲུག་ཞིང་སྤྲོ་བ་རྒྱས་པའི་སྐབས་སུ་མཇུག་སྒྲིལ་གྱི་ཡོད། ཞབས་བྲོའི་རིང་ཚད་དེ་ཡང་གཞས་ཚིག་ལ་གཞིགས་ནས་གཏན་འཁེལ་བྱེད་ཅིང་། དལ་གཞས་སྐབས་སུ་བུད་མེད་ཀྱི་སྟངས་སྟབས་མཛེས་ལ་ཉམས་འགྱུར་ལྡན་པ་དང་། སྐྱེས་པའི་གར་འགྲོས་གཤོག་ཆེ་ལ་ཉམས་དོད་པ། འཁྲུག་གཞས་སྐབས་སུ་སྐྱེས་ཕོ་མོའི་ཉམས་མདངས་རྒྱས་ལ་དགའ་སྤྲོ་རབ་ཏུ་འཕེལ།
དཔལ་མགོན་གཞས་ཆེན་ནི་སྐྱེས་ཕོ་མོས་གླུ་ལེན་གར་འཁྲབ་བྱེད་རེས་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པས་དེའི་བྲོ་གར་ལ་འགྱུར་བ་མང་ཞིང་གཞས་ཚིག་གི་ནང་དོན་ཕུན་སུམ་ཚོགས། དེ་ཡང་དཔེར་ན་ཕ་ཡུལ་བསྟོད་པ་དང་། ཆོས་ལུགས་ལ་བསྟོད་པ། གྲོགས་ཕན་ཚུན་བསྟོད་བསྔགས་བྱེད་པ། སྐྱེས་པས་གཞོན་ནུ་མར་བརྩེ་སེམས་བརྗོད་པ་སོགས་ཀྱི་ནང་དོན་ལྡན། གར་འཁྲབ་སྐབས་གཏན་འཁེལ་གྱི་གོ་རིམ་མེད་པས་གཞས་སྣེས་གཞས་གང་བཏང་བ་དེ་བཞིན་དམངས་ཀྱིས་དེ་ལྟར་གཏོང་དགོས། དམིགས་བསལ་གྱི་འཁྲབ་ཆས་མེད་དེ། རྒྱུན་དུ་བྲོ་གར་འཁྲབ་སྐབས་གྱོན་ཆོས་གཞང་ཞིང་གྲལ་སྒྲིག་པོ་དང་། དུས་སྟོན་སྐབས་གཟབ་མཆོར་སྤྲས་ནས་འཁྲབ་སྟོན་བྱེད་པའོ།།

གཞས་ཚིག་གཙོ་བོ།
ཉི་མ་ཤར་གྱི་ཕྱོགས་ནས། ཤར་ཕྱོགས་རྡོ་རྗེ་སེམས་དཔའ། །
བྲོ་དང་གཞས་ལ་གཟིགས་ནས། །བྲོ་ཡིས་མཆོད་པ་འབུལ་ལོ།།
ཉི་མ་ལྷོ་ཡི་ཕྱོགས་ནས། །ལྷོ་ཕྱོགས་རིན་ཆེན་འབྱུང་གནས། །
བྲོ་དང་གཞས་ལ་གཟིགས་ནས། །བྲོ་ཡི་མཆོད་པ་འབུལ་ལོ།།
ཉི་མ་ནུབ་ཀྱི་ཕྱོགས་ནས།། ནུབ་ཕྱོགས་སྣང་བ་མཐའ་ཡས། །
བྲོ་དང་གཞས་ལ་གཟིགས་ནས།། བྲོ་ཡི་མཆོད་པ་འབུལ་ལོ།།
ཉི་མ་བྱང་གི་ཕྱོགས་ནས།། བྱང་ཕྱོགས་དོན་ཡོད་གྲུབ་པ།།
བྲོ་དང་གཞས་ལ་གཟིགས་ནས།།བྲོ་ཡི་མཆོད་པ་འབུལ་ལོ།།
ལྷ་ས་རིག་ནས་དགའ་བྱུང་།། འབྲས་སྤུངས་རིག་ནས་སྐྱིད་བྱུང་།།
འབྲས་སྤུངས་ཀུན་དགའ་ར་བ།། ཕ་ཡུལ་ཡིན་ན་བསམ་བྱུང་།།
ང་རང་ཡར་ཡར་འགྲོ་ནས།། ཁ་བ་མར་མར་འབབ་བྱུང་།།
ཁ་བ་བབ་རེ་བབ་ཚེ། །ལོ་ཆུང་མ་ལོ་དྲན་བྱུང་།།
 
རྒྱུད་འཛིན་པ་སྲིད་ཆོས་པ་སངས་ལགས་ནི་ད་ལོ་དགུང་ལོ་༤༥ལ་ཕེབས་པའི་འབྲོག་པ་ཞིག་ཡིན་ཞིང་། བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཉི་མ་ཤང་གྲོང་ཚོ་བདུན་པ་ནས་ཡིན་ལ། ལོ་བརྒྱད་ཀྱི་སྐབས་ནས་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱི་དྲུང་ནས་དམངས་ཁྲོད་ཀྱི་ཞབས་བྲོ་སྦྱངས་པ་དང་ས་གནས་དེ་གའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མང་པོ་དགེ་རྒན་དུ་བསྟེན་མྱོང་། ཁོང་རང་བློ་རིག་བཀྲ་ཞིང་བརྩོན་པ་ཆེ་བ་མ་ཟད། དྲིན་ཆེན་ཕ་མ་གཉིས་པོའི་བྱམས་བརྩེའི་གསོ་སྐྱོང་ལ་བརྟེན་ནས་གང་མགྱོགས་ས་གནས་དེ་གའི་གཞས་དཔོན་ཞིག་ཏུ་གྱུར། ཁོ་བོས་ས་གནས་དེ་གའི་དམངས་ཁྲོད་ཀྱི་གླུ་གར་སྒྱུ་རྩལ་རྒྱུད་འཛིན་དང་དར་འཕེལ་གཏོང་རྒྱུའི་ཐད་རང་ནུས་གང་ཡོད་ཀྱི་ལེགས་སྐྱེས་འབུལ་བཞིན་ཡོད།
རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། ཟླ་བ་ཚེ་རིང་། བདེ་ལྷ་མོ།