མཚོ་སྔོན་གྱི་ནོར་ལུག་འདི་དག་ཀན་སུའུ་ལ་དགུན་ཁ་འགྲིམ་པར་སླེབས་འདུག
ཉེ་ཆར། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་སྟོན་དགུན་གཉིས་སུ་ཞིང་ཆེན་བརྒལ་ནས་ས་ཆ་གཞན་གྱི་ཞིང་ས་གཡར་ནས་གཅིག་སྡུད་སྒོས་ཕྱུགས་འཚོ་བའི་དུས་སུ་སླེབས་ཡོད།

ས་ཆ་གཞན་གྱི་ཞིང་ས་གཡར་ནས་ཕྱུགས་འཚོ་བ་ནི་མཚོ་སྔོན་གྱི་མཐོ་གྲང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་གསོ་ཚགས་བྱེད་སྟངས་ཤིག་རེད། ལོ་རེའི་ཟླ་10པའི་ཟླ་དཀྱིལ་དང་ཟླ་སྨད་དུ་། ཞིང་འབྲོག་པ་ཁག་གཅིག་གིས་སྒོ་ཕྱུགས་ས་བབ་ཅུང་དམའ་བ་དང་གནམ་གཤིས་ཅུང་དྲོ་བའི་ཀན་སུའུ་ཡི་ཞིང་ཁུལ་དུ་དབོར་ནས། ས་གནས་དེ་གའི་སོག་མའི་ཞིང་ས་གླས་ཏེ་ཕྱུགས་འཚོ་བ་དང་། ཕྱི་ལོའི་ཟླ་3པའི་སྔ་རྗེས་ཏེ་དཔྱིད་འདེབས་མ་བྱས་གོང་མཚོ་སྔོན་དུ་ཕྱིར་ལོག་བྱེད་ཀྱི་ཡོད།

མིག་སྔར། མཚོ་སྔོན་ཞིང་ཆེན་མོན་ཡོན་རྫོང་གི་ནོར་ལུག་མང་པོ་ཁག་བགོས་ཏེ་ཀན་སུའུ་ཞིང་ཆེན་རྨ་ནུབ་ཁྱམས་རིང་རྒྱུད་ཀྱི་ཅིན་ཁྲང་དང་ཝུའུ་ཝུའེ་སོགས་ས་ཁུལ་གྱི་ཞིང་སར་དབོར་ཟིན་པ་དང་། སྒོ་ཕྱུགས་དེ་ཚོར་ཡུལ་དེ་གའི་མ་རྨོས་ལོ་ཏོག་གི་སོག་མ་སྟེར་ནས་དགུན་སྒྲོལ་བྱ་རྒྱུ་རེད།
མཚོ་སྔོན་མོན་ཡོན་ནས་དབོར་ཡོང་བའི་ལུག་450ལ་ནད་ཡམས་བརྟག་ཞིབ་བྱས་རྗེས་རླངས་འཁོར་ནང་བླུགས་ཏེ་ཆུ་ཚོད་10ལྷག་ཙམ་གྱི་རི་ལམ་བརྒྱུད། ཞོགས་པའི་ཆུ་ཚོད་7དང་ཕྱེད་ཀའི་ཐོག་ཀན་སུའུ་ཞིང་ཆེན་ཅིན་ཁྲང་གྲོང་ཁྱེར་ཡུང་ཁྲང་རྫོང་དུ་འབྱོར་ཡོད།

ས་ཆ་གཞན་གྱི་ཞིང་ས་གཡར་ནས་ཕྱུགས་འཚོ་བ་དེས་མཚོ་སྔོན་གྱི་ས་གནས་དེ་གའི་རྩྭ་ར་དགུན་དཔྱིད་གཉིས་སུ་སོར་ཆུད་སྐྱེ་འཕེལ་ཐུབ་རྒྱུར་ཕན་ཐོགས་ཡོད་ལ། སྒོ་ཕྱུགས་གསོ་ཚགས་ཀྱི་མ་གནས་ཀྱང་དམའ་རུ་གཏོང་ཐུབ། དེ་དང་ཆབས་ཅིག་ཕྱུགས་འཚོ་སའི་ཞིང་ས་དེ་གའི་གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པོར་བརྟེན་ནས་ནོར་ལུག་གསོན་ཚད་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མཐོ་རུ་གཏོང་ཐུབ།

མཚོ་སྔོན་ཞིང་ཆེན་དུ་ད་ལོ་རིམ་རྩིས་བྱས་ན་ཞིང་ས་གཡར་ནས་ཕྱུགས་འཚོ་བའི་དུད་ཚང་648ཟིན་པ་དང་། ནོར་ལུག་སྒོ་གྲངས་222095ཡོད་པ་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་སྟོན་དགུན་གཉིས་སུ་ཞིང་ས་གཡར་ནས་གཅིག་སྡུད་སྒོས་རུ་སྤོ་བྱེད་བཞིན་ཡོད། དགུན་ཁ་སྒྲོལ་བའི་རིང་། འབྲོག་པས་རྒྱུན་ལྡན་གྱི་ཕྱུགས་འཚོ་བ་དང་ཕྱུགས་རིགས་ཀྱི་ཤ་ཤེད་རྒྱས་སུ་འཇུག་པ་ཕུད། ད་དུང་ལུ་གུ་སྐྱེ་བསུ་དང་གསོ་བའི་ལས་དོན་སྤེལ་ནས་ལོ་རྗེས་མར་ཕྱུགས་རིགས་བཤས་གཏོང་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་ཀྱི་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




