བརྙན་འབྱེད་བརྡ་ཁྱབ་བཀག་ནས་བརྙན་འཕྲིན་ལྟ་བདེ་རུ་གཏོང་རྒྱུ་ཡིན་པ།
ཉིན་ཤས་གོང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་《སྐུད་ཡོད་རླུང་འཕྲིན་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུའི་དོ་དམ་གཏན་འབེབས་》དང་《སྣོལ་རེས་རྣམ་པའི་དྲ་རྒྱའི་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུའི་དོ་དམ་གནས་སྐབས་ལག་བསྟར་གཏན་འབེབས་》ཁྱབ་བསྒྲགས་བྱས་ཤིང་དེ་2026ལོའི་ཟླ་བ་11པའི་ཚེས་27ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཚང་མས་བརྙན་འཕྲིན་ལྟ་བདེ་བའི་ཆེད་དུ། གཏན་འབེབས་གསར་པས་སྐུད་ཡོད་རླུང་འཕྲིན་དང་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུ་དང་སྣོལ་རེས་རྣམ་པའི་དྲ་རྒྱའི་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུའི་ཐད་གཤམ་གསལ་གྱི་བླང་བྱ་ཁག་གཅིག་བཏོན་ཡོད་པ་སྟེ།
-
བརྙན་འཕྲིན་ཁ་ཕྱེ་མ་ཐག་ལམ་སེང་བརྙན་ཤེལ་ཡོངས་ཀྱི་ཐད་གཏོང་ལྟ་ཐུབ་པ་དགོས་ཤིང་། སྔོན་ལ་བརྡ་ཁྱབ་གཏོང་མི་ཆོག
ཐད་གཏོང་སྔོན་ལ་ལྟ་བའི་རྩ་དོན་མཐའ་འཁྱོངས་བྱས་ནས་བརྙན་ཤེལ་ཡོངས་ཀྱི་ཐད་གཏོང་ནུས་པ་མངོན་འགྱུར་ཡོང་བ་བྱེད་པ་དང་། འཕྲིན་ལམ་ལ་ཡང་བསྐྱར་ལྟ་བའི་འཇུག་སྒོ་བཀོད་སྒྲིག་བྱས་ནས་བརྙན་འཕྲིན་གཏོང་འགོ་ཚུགས་དུས་བརྡ་ཁྱབ་གཏོང་མི་ཆོག རིག་ནུས་བརྙན་འཕྲིན་གྱིས་སྔོན་ལ་ཐད་གཏོང་འཕྲིན་ལམ་གྱི་ནུས་པ་མངོན་པར་རྒྱབ་སྐྱོར་བྱས་ཏེ་སྟབས་བདེའི་འཇུག་སྒོ་འདོན་སྤྲོད་བྱེད་དགོས།
-
སྤྱོད་མཁན་གྱིས་རང་འགུལ་ངང་ཐད་གཏོང་ནང་འཇུག་བྱེད་པ་དང་ཡང་ན་བརྙན་འཕྲིན་སྣོལ་རེས་གཙོ་ངོས་སུ་འཇུག་པར་གདམ་ག་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས།
བརྙན་འཕྲིན་ལྟ་མཁན་ལ་སྟབས་བདེའི་སྒོ་ནས་འཇུག་སྒོ་འདོན་སྤྲོད་བྱས་ཏེ། རང་འགུལ་ངང་ཐད་གཏོང་ནང་འཇུག་བྱེད་པ་དང་ཡང་ན་བརྙན་འཕྲིན་སྣོལ་རེས་གཙོ་ངོས་སུ་འཇུག་པར་གདམ་ག་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། བརྙན་འཕྲིན་སྣོལ་རེས་གཙོ་ངོས་ཀྱི་བརྙན་ངོས་དང་། ཕྱོགས་སྟོན་ཚན་པ། རྣམ་པའི་ཚན་པ། འོས་སྦྱོར་ཚན་པ་སོགས་ཀྱི་ནང་དོན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་རླུང་འཕྲིན་བརྙན་འཕྲིན་གཙོ་གཉེར་སྡེ་ཁག་གི་འབྲེལ་ཡོད་བླང་བྱ་དང་མཐུན་དགོས།
-
གཙོ་ངོས་དང་པོར་རིན་མེད་ཆེད་ཁུལ་བཙུགས་པ་དང་རིན་བསྡུའི་ལེ་ཚན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་དགོས།
གཙོ་ངོས་དང་པོར་རིན་པ་སྤྲོད་མི་དགོས་པའི་ཆེད་སྤྱོད་ཁུལ་བཙུགས་ནས་སྤུས་ལེགས་དང་རིན་པ་སྤྲོད་མི་དགོས་པའི་ནང་དོན་གཙོ་གནད་དུ་འོས་སྦྱོར་བྱེད་པ་དང་། རིན་བསྡུའི་ལེ་ཚན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་དགོས། ལེ་ཚན་གྱི་རིན་བསྡུའི་ཆ་འཕྲིན་གསལ་སྟོན་བྱེད་པ་དང་ཉེར་སྤྱོད་ཆེད་སྤྱོད་ཁུལ་གྱི་གཉེར་སྐྱོང་དང་མངག་ཉོ་གཏོང་སྤྲོད་ལམ་ལུགས་ཚད་ལྡན་དུ་གཏོང་དགོས།
-
བརྙན་འཕྲིན་ཁ་འབྱེད་པའི་དུས་ཡུན་ཐུང་དུ་གཏོང་བ་དང་རྒྱང་འཛིན་ཡོ་བྱད་སྤྱོད་བདེ་རུ་གཏོང་དགོས།
མཐའ་སྣེའི་གཤིས་ནུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་བརྙན་འཕྲིན་ཁ་འབྱེད་པའི་དུས་ཡུན་ཐུང་དུ་གཏོང་དགོས་པ་དང་། སྐད་གདངས་རྒྱང་འཛིན་དང་། ལག་ཐོགས་ཁ་པར་རྒྱང་འཛིན། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྤྱད་དེ་སྤྱོད་མཁན་ལ་སྟབས་བདེ་བསྐྲུན་དགོས། རྒྱང་འཛིན་ཡོ་བྱད་སྤྱོད་བདེ་རུ་བཏང་ནས་རྒྱང་འཛིན་ཡོ་བྱད་ཀྱི་མཐེབ་གཅིག་མནན་མ་ཐག་ལམ་སེང་བརྙན་འཕྲིན་ཐད་གཏོང་ལེ་ཚན་ལ་ལྟ་ཐུབ་པ་སོགས་བྱ་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




