ཚེ་རིང་མཚོ་མོ་རྒྱལ་ཁའི་ངང་ལྷ་སར་ཕྱིར་ལོག་པ།
ཚེས་19ཉིན། 2026པེ་ཅིང་མར་སུན་རྒྱང་རྒྱུག་རྒྱལ་ནང་གི་བུད་མེད་ཚོ་ཆུང་གི་ཨང་དང་པོ་ཐོབ་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་བོད་ལྗོངས་ཀྱི་བར་རྒྱུག་དང་རྒྱང་རྒྱུག་མར་སུན་རུ་ཁག་གི་རུ་མི་དང་མཉམ་དུ་ལྷ་སར་རྒྱལ་ཁའི་ངང་ཕྱིར་ལོག་བྱས་ཡོད།

གནམ་ཐང་དུ་འབྱོར་རྗེས། ཚེ་རིང་མཚོ་མོ་དང་འགྲན་ཞུགས་རུ་མི་རྣམས་སྙིང་སྟོབས་ཆེར་སྐྱེད་ངང་དོན་སྒོ་ནས་ཐོན་སྐབས། ཡུལ་དངོས་སུ་བསུ་བ་ཞུ་བར་སླེབས་པའི་ལས་དོན་མི་སྣས། ཁོང་ཚོར་མཇལ་དར་དང་མེ་ཏོག་ཕུལ་ནས། ཁོང་རྣམ་པས་བོད་ལྗོངས་ལ་གཟི་བརྗིད་བརྩོན་ལེན་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

ད་ཐེངས་ཀྱི་པེ་ཅིང་མར་སུན་རྒྱང་རྒྱུག་འགྲན་བསྡུར་ནང་། ཚེ་རིང་མཚོ་མོས་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་ལས་འགན་ལྕི་བ་དང་འགྲན་བསྡུར་གྱི་གྲ་སྒྲིག་དུས་ཚོད་ཐུང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་དང་གནོན་ཤུགས་ཐེག་པ། རང་ངོས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་རྒྱལ་ནང་གི་བུད་མེད་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་འབྲེལ་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་ཀྱང་བཏོད་ཡོད།
ཚེ་རིང་མཚོ་མོས། འགྲན་བསྡུར་བྱེད་རིང་། སྤྱི་ལེ་30ཡི་མཚམས་སུ་སླེབས་དུས། ང་ཐང་ཆད་གྲབས་བྱས་བྱུང་། འོན་ཀྱང་། རྩལ་སློབ་པས་ས་ཚིགས་མཇུག་ཤོས་དེར་ང་ཚོ་སྒུག་ནས་བསྡད་ཡོད་པ་ཡིད་ལ་འཁོར་སྐབས། ས་ཚིགས་མཇུག་ཤོས་དེར་མ་སླེབས་པའི་བར། ནུས་ཤུགས་ཡོད་རྒུས་རྒྱུག་ཚར་བ་བྱེད་དགོས་བསམ་བྱུང་ཞེས་གསུངས་པ་རེད།
བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མས། ད་ལོ་ནི་བོད་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་ལ་འབྲས་བཟང་ཐོབ་པའི་ལོ་ཞིག་ཡིན། དེའི་གོང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་ཐོབ་པ་དང་། ད་ཆ་པེ་ཅིང་མར་སུན་རྒྱང་རྒྱུག་འགྲན་བསྡུར་ཐོག་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




