ཟས་ཚོད་མ་ཟིན་ནད་ཀྱི་རྒྱུ། རྨོངས་ཚོད་བཅུད་ལེན་དུག་གི་རྩ།
——སྟོན་དུས་རྨོངས་ཚོད་ཀྱིས་“ཟས་བཅུད་བསྟེན་པར”མི་རུང་བའི་སྐོར་གྱི་མཁས་དབང་གི་ལམ་སྟོན་རྣམ་གསུམ།
ཉེ་དུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུད་ཀྱིས་སྐོང་ཚོགས་བྱས་པའི་“བདེ་ཐང་ཀྲུང་གོའི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་སྐུལ་སྤེལ”གྱི་མུ་འབྲེལ་ཡོངས་བསྒྲགས་ཚོགས་འདུ་སྟེ། “སྟོན་དུས་ཀྱི་ལུས་ཁམས་གསོ་རིག”ཅེས་པའི་ཆེད་དོན་ཚོགས་འདུའི་ཐོག ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཏ་ཨན་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་སྨན་པ་རྒན་གྲས་ཞ་ཀྲི་ཕིང་གིས། སྟོན་དུས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་“ལུས་སྟོབས་གསོ་བར”ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གསུམ་ངོ་སྤྲོད་བྱས་པ་རེད།

ཞ་ཀྲི་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “སྟོན་དུས་ལུས་སྟོབས་གསོ་བ”ཞེས་པ་ནི་སྔ་མོའི་སོ་ནམ་ཞིང་ལས་ཀྱི་དུས་རབས་ནས་བྱུང་བ་ཞིག་སྟེ། དབྱར་དུས་སུ་མི་རྣམས་ཀྱིས་ངལ་རྩོལ་དྲག་པོ་བྱེད་པས་ལུས་སྟོབས་ཟད་གྲོན་ཆེ་བ་དང་། དང་ག་མི་བདེ་བས་ལུས་པོའི་ལྗིད་ཚད་མངོན་གསལ་གྱིས་ཆག་འགྲོ་ཡི་ཡོད། སྟོན་ཁ་ཤར་རྗེས་གནམ་གཤིས་བསིལ་དུ་སོང་བ་དང་བསྟུན་ནས་དང་ག་ཡག་ཏུ་འགྲོ་བས། དགུན་དུས་ཀྱི་གྲང་ངར་འགོག་ཆེད་ཤ་རིགས་སོགས་དྲོད་བཅུད་ཆེ་བའི་ཟས་རིགས་ཟོས་ནས་ལུས་པོར་ནུས་ཚད་གསོག་འཇོག་བྱེད་པའི་སྲོལ་དེ་ལ་ཟེར་གྱི་ཡོད་པ་རེད།
སྨན་པ་རྒན་གྲས་ཞ་ཀྲི་ཕིང་གིས། འོན་ཀྱང་དེང་རབས་མིའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ད་ལྟའི་མང་ཚོགས་ཁྲོད་དུ་རྒྱུན་དུ་ཟས་བཅུད་ལྷག་པ་དང་། ཚད་ལས་བརྒལ་ནས་ཤ་རྒྱགས་པ། ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་བཅས་ཀྱི་མི་གྲངས་བསྡུར་ཚད་ཧ་ཅང་མཐོ་པོ་ཡོད། གལ་ཏེ་མུ་མཐུད་ནས་ཤ་དང་ཚིལ་སོགས་ཟས་བཅུད་ཆེན་པོའི་རིགས་རྨོངས་ཚོད་ཀྱིས་བསྟེན་ཚེ། དེ་ལས་ལྡོག་སྟེ་ལུས་ཁམས་ཀྱི་ཁུར་པོ་ལྕི་རུ་འགྲོ་ངེས་རེད་ཅེས་དང་། ཁོང་གིས་མུ་མཐུད་དེ། བཅུད་ཆེན་པོ་ཟོས་དྲགས་ན། ཕོ་མཆེར་གྱི་དྲོད་ཉམས་ནས་འཇུ་སྟོབས་ཀྱིས་མི་ལྕོགས་ཤིང་། བད་ཀན་རླན་གྲང་གི་ནད་རིགས་ལུས་སུ་བསགས་ཏེ། མཆིན་པར་ཚིལ་བསགས་པ་དང་། ཁྲག་ཚིལ་མཐོ་བ། ཁྲག་མངར་མི་བརྟན་པ་སོགས་ཀྱི་ནད་གཞི་མང་པོ་ཞིག་རང་བཞིན་གྱིས་འབྱུང་སྲིད་ཅེས་བརྗོད་པ་རེད།

ཀྲུང་ལུགས་གསོ་རིག་གི་ལྟ་བ་ལྟར་ན། “རང་གི་ལུས་ཟུངས་ཟད་ན་ད་གཟོད་བཅུད་ཀྱིས་གསོ་དགོས་པ་དང་། ལུས་ཁམས་ལ་འཕེལ་ནད་ཡོད་ན་སྦྱང་དགོས་པ། ལུས་ཁམས་ཆ་སྙོམས་པར་བྱ་རྒྱུ་ནི་རྩ་བ་ཡིན”པས། མི་ཚང་མས་ཟས་བཅུད་ཆེན་པོ་བསྟེན་དགོས་པའི་ངེས་པ་གཏན་ནས་མེད། གཙོ་བོ་གནས་ཚུལ་རིགས་གཉིས་ལ་བལྟས་ནས་ཐག་གཅོད་དགོས་ཏེ།

-
གཅིག་ནི། དབྱར་དུས་སུ་གཟུགས་པོའི་ལྗིད་ཚད་མངོན་གསལ་གྱིས་ཆག་པ་དང་། སྟོན་དུས་སླེབས་ཀྱང་ད་དུང་དང་ག་མི་བདེ་བ། དབུགས་ཐུང་ལ་ལུས་སྟོབས་ཞན་པའི་མི་དེ་རིགས་ལ་“ཡང་ཞིང་འཇུ་བདེ་བའི”ཟས་བཅུད་བསྟེན་ན་འཚམ་པ་ལས། བཅུད་ཆེན་པོ་ལུས་ཀྱིས་མི་ཐེག་པ་དེ་འདྲ་བསྟེན་མི་རུང་།
-
གཉིས་ནི། དབྱར་དུས་སུ་ལུས་པོའི་ལྗིད་ཚད་མ་ཆག་པར་ད་དུང་ལྕི་རུ་སོང་བ་མ་ཟད། རྒྱུན་དུ་མགྲོན་འབོད་སྣེ་ལེན་མང་བས་ཟས་སྣུམ་ཚིལ་ཅན་མང་དྲགས་པ། ལྕེ་དྲེག་མཐུག་པ་བཅས་ཀྱི་མི་རྣམས་ཀྱིས་ལུས་ཟུངས་གསོ་མི་དགོས་པར་མ་ཟད། ད་དུང་སྔོན་ལ་ལུས་པོའི་ནང་གི་ཚ་བ་དང་བད་ཀན་རླན་བཤེར་དེ་དག་གཙང་མར་སེལ་དགོས།
སྨན་པ་རྒན་གྲས་ཞ་ཀྲི་ཕིང་གིས་མཇུག་ཏུ། སྟོན་དུས་ལུས་ཟུངས་གསོ་སྐབས་ངེས་པར་དུ་རྩ་དོན་གསུམ་ལ་བརྩི་སྲུང་ཞུ་དགོས་པར་བསྟན་ཡོད་དེ།
-
གཅིག་ནི། ཡང་ཞིང་འཇུ་བདེ་བའི་ཟས་བཅུད་གཙོ་བོར་བསྟེན་དགོས་པ། བཅུད་ཆེ་རུང་སྣུམ་ཚིལ་མེད་ལ། ངོ་བོ་ཞི་ལྷོད་ཡིན་ལ་ཕོ་བར་འཇུ་བདེ་བའི་བཟའ་བཅའ་འདེམས་དགོས།
-
གཉིས་ནི། ནད་ཡོད་ན་སྔོན་ལ་བཅོས་པ་དང་བད་ཀན་ཡོད་ན་སྔོན་ལ་སེལ་དགོས་པ། ལྕེ་དྲེག་མཐུག་པ་དང་བཤང་བ་འབྱར་བག་ཅན་གྱི་མིས་རྨོངས་ཚོད་ཀྱིས་བཅུད་ཆེན་ཟོས་ནས་ལུས་ཟུངས་གསོ་མི་རུང་བར། སྔོན་ལ་ཕོ་མཆེར་གྱི་དྲོད་གསོ་བ་དང་བད་ཀན་རླན་གྲང་གི་ནད་རིགས་དེ་དག་སེལ་དགོས།
-
གསུམ་ནི། མི་སོ་སོའི་གཟུགས་ཁམས་དང་བསྟུན་དགོས་པ། རླུང་ཟད་ན་རླུང་གསོ་བ་དང་། ཁྲག་ཟད་ན་ཁྲག་གསོ་བ། དྲོད་ཉམས་ན་དྲོད་གསོ་བ་སོགས་རང་རང་གི་ལུས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་དགོས་པ་ལས། གཞན་གྱི་རྗེས་སུ་འབྲངས་ནས་རྨོངས་ཚོད་ཀྱིས་བཅུད་ལེན་མི་རུང་།
གལ་ཏེ་རང་ཉིད་ཀྱི་གཟུགས་ཁམས་གང་ཡིན་མིན་ངོས་མ་ཟིན་ན། བྱེད་ཐབས་བརྟན་ཤོས་ནི་ཐོག་མར་སྨན་པ་བཙལ་ནས་བརྟག་དཔྱད་བྱས་རྗེས། དེ་ནས་ཇི་ལྟར་བཅུད་ལེན་དགོས་མིན་ཐག་བཅད་ན་ལེགས་ཤོས་ཡིན་ཞེས་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




