འདམ་རྡོའི་ཆུ་རུད་ཐོན་རྗེས་ཚོང་ཁང་འདིའི་གློག་སྒྲོན་གསོད་མྱོང་མེད།
བོད་ལྗོངས་སྐྱིད་གྲོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། གེགས་ཁུལ་དང་ཐག་ཉེ་ཤོས་ཀྱི་སྐྱིད་གྲོང་གྲོང་རྡལ་དུ་གྲོང་མི་དང་ཚོང་དུད་མང་པོ་ཞིག་གིས་རང་འགུལ་ངང་གནས་སྐབས་དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་ཤིང་། རིན་མེད་ངང་དངོས་ཟོག་སྤྲོད་པ་དང་སྡོད་གནས་མཁོ་འདོན་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རོགས་སྐྱོབ་ཐད་ནུས་པ་འདོན་བཞིན་ཡོད།
གནོད་འཚེ་ཐོན་པའི་ཉིན་དེ་ནས་བཟུང་། དངོས་ཟོག་རིན་མེད་ངང་མཁོ་འདོན་བྱེད་པ་དང་། ཚོང་ཁང་གི་སྒོ་མི་རྒྱག་པ། རང་ཁྱིམ་གྱི་ཤིང་ལེབ་ཀྱིས་སྟབས་བདེའི་ཉལ་ཁྲི་16བཟོས་པ་སོགས་སྐྱིད་གྲོང་གྲོང་རྡལ་གྱི་འཛུགས་སྐྲུན་རྒྱུ་ཆ་ཚོང་ཁང་ཞིག་གི་གློག་སྒྲོན་ནམ་ཡང་གསོད་མྱོང་མེད། སྐྱིད་གྲོང་གྲོང་རྡལ་གྱི་ཚོང་དུད་ཙེང་ཡུང་གིས། གེགས་སེལ་ལ་དགོས་མཁོ་ཅི་ཡོད་མེད་ཁོ་ན་ལས་གཞན་པར་བསམ་བློ་གཏོང་གི་མེད། ང་ཚོར་ཅི་ཞིག་ཡོད་ན་དེ་མཁོ་འདོན་བྱེད་ཀྱི་ཡོད། མཚན་གང་ཚོང་གཉེར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཁོང་གིས་རོགས་སྐྱོབ་མི་སྣར་གནས་སྐབས་ཀྱི་སྡོད་གནས་བསྐྲུན་ཡོད། ཙེང་ཡུང་ནི་སི་ཁྲོན་ཙི་དབྱང་ནས་ཡིན་པ་དང་། སྐྱིད་གྲོང་གྲོང་རྡལ་དུ་འཛུགས་སྐྲུན་རྒྱུ་ཆ་ཚོང་ཁང་ཞིག་གཉེར་ནས་ལོ་གཉིས་སོང་ཡོད།
ཟླ་8ཚེས་26ཉིན་གྱི་སྔ་དྲོར། སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཁོང་གིས་དུས་ཐོག་ཏུ་ཚོང་ཁང་གི་སྒོ་ཆུ་ཚོད་24ཡི་རིང་ཕྱེ་བ་མ་ཟད། ད་དུང་ཚོང་ཁང་གི་ཐོག་སོ་གཉིས་པའི་ཁང་པ་ཚང་མ་སྟོང་པར་བཟོས་ནས་རོགས་སྐྱོབ་མི་སྣར་གནས་སྐབས་ཀྱི་སྡོད་གནས་ཤིག་བསྐྲུན་ཡོད་པ་རེད།

ཚེས་26ཉིན་གྱི་དགོང་མོ། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་རོགས་སྐྱོབ་སྟོབས་ཤུགས་ཟམ་མི་ཆད་པར་སླེབས་པ་མཐོང་སྐབས། ཚོང་ཁང་ནང་གི་མི་ཚང་མ་རང་དགར་མ་བསྡད་པར། ཁོང་ཚོས་རང་ཁྱིམ་གྱི་ཤིང་ལེབ་སྤྱད་དེ་སྟབས་བདེའི་ཉལ་ཁྲི་16བཟོས་པ་མ་ཟད། ད་དུང་དེ་ཕོ་ཁེབས་དང་ཉམ་གདན་ཉོས་ཤིང་། ཆུ་ཚོད་དྲུག་བདུན་རིང་ལ་བྲེལ་འཚུབ་ངང་ལས་ཀ་བསྒྲུབས་ཏེ་ཐོག་སོ་གཉིས་པའི་གཞུང་ལས་ཁུལ་དེ་ངལ་གསོ་རྒྱག་ས་འོས་འཚམ་ཞིག་ཏུ་སྒྱུར་བཀོད་བྱས་པ་རེད།

ཡུལ་དངོས་སུ་གསར་འགོད་པས་འཐབ་ས་དང་པོའི་རོགས་སྐྱོབ་ཉེན་སེལ་མི་སྣ་མི་ཉུང་བ་ཞིག་གིས་དེ་གར་ངལ་གསོ་རྒྱག་བཞིན་པ་མཐོང་ཡོད། ཀྲུང་གོ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཟམ་པ་ཀུང་སིའི་ལས་དོན་པ་ཀྲང་ཞུས་ཧུའེ་ཡིས་འཐབ་ས་དང་པོར་ལྕགས་རྩིབས་ཀྱི་གཟེབ་སྡོམ་པའི་འགན་འཁུར་བཞིན་ཡོད་ལ། བསྟུད་མར་ཉིན་གཉིས་དང་མཚན་གཅིག་རིང་འབད་འཐབ་བྱས་པ་དང་། ཡུལ་དངོས་ཀྱི་རས་གུར་ནང་གི་ཉལ་ཁྲི་འདང་ངེས་མེད་པས། ཁོང་གིས་ཚོང་ཁང་ཆུང་ཆུང་དེ་རུ་ངལ་གསོ་བརྒྱབ་ཡོད།
སྐྱིད་གྲོང་རྫོང་འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་གི་རུ་མི་རྡོ་རྗེ་ཚེ་རིང་གིས། ང་ཚོའི་རུ་མི་8དེ་གར་བསྡད་དེ་བཀའ་སྒུག་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད། རྡོ་རྗེ་ཚེ་རིང་གིས་ཆེས་རིང་ཤོས་སུ་ཆུ་ཚོད་12བསྟུད་མར་ལས་ཀ་བསྒྲུབས་པ་དང་། མཚན་མོ་ཡང་ཉེན་སེལ་ལས་དོན་ནང་ཞུགས་ཡོད། རུ་གྲོགས་ལྷག་པ་ཚེ་རིང་གིས་སྔ་ས་ནས་ཉལ་ཁུག་དང་ཆར་གོས་རྒྱབ་ཏུ་འཁུར་ནས། ནམ་ཡང་རོགས་སྐྱོབ་བྱ་ཡུལ་དུ་བསྐྱོད་རྒྱུའི་གྲ་སྒྲིག་བྱས་ཏེ་བསྡད་ཡོད་པ་རེད།
ཙེང་ཡུང་གིས། ཁོང་ཚོས་རོགས་སྐྱོབ་བྱེད་པའི་དུས་ཚོད་ལ་ངེས་གཏན་མེད་པས། སྐབས་འགར་ཕྱིར་ལོག་དུས་ཧ་ཅང་ཕྱི་པོ་ཆགས་ནའང་ལོག་སྲིད། ཚོང་ཁང་ནང་གི་གློག་སྒྲོན་ནམ་ཡང་སྤར་ནས་ཡོད་ཅེས་བརྗོད།
ཉིན་ཤས་བསྟུད་མར་འཛུགས་སྐྲུན་རྒྱུ་ཆ་ཚོང་ཁང་ཆུང་ཆུང་འདིས་སྔ་རྗེས་སུ་འཕྲལ་སྒྲུབ་འགན་སྲུང་མི་སྣ་དང་། ཨར་ལས་བཟོ་པ། དངོས་རྫས་སྐྱེལ་འདྲེན་ཁ་ལོ་བ་བཅས་བསུས་ཡོད། ཁོང་ཚོ་ཕྱིར་ལོག་དུས་ཇི་ཙམ་ཕྱི་པོ་ཇི་ཆགས་རུང་། ཙེང་ཡུང་གིས་ནམ་ཡང་གློག་སྒྲོན་སྤར་ནས་ཁུ་སིམ་མེར་ཁོང་ཚོ་སྲུང་ཞིང་། ཁོང་ཚོར་སྒུག་ནས་ཡོད།

སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་གི་ག་ས་གང་དུ་གནས་སྐབས་བཙུགས་པའི་དང་བླངས་ཞབས་ཞུའི་ས་ཚིགས་མཐོང་རྒྱུ་ཡོད་པ་དང་། ཆུ་ཚོད་24ཡི་རིང་སྒོ་ཕྱེ་ནས་རོགས་སྐྱོབ་མི་སྣ་དང་མང་ཚོགས་ལ་དངོས་ཟོག་སྣ་ཚོགས་མཁོ་འདོན་བྱེད་ཀྱི་ཡོད། སྐྱིད་གྲོང་གྲོང་རྡལ་གྱི་ཚོང་དུད་མཱ་དབྱི་ཧེ་ཡ་ཡིས། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། ང་འདི་གར་ལོ་30ལྷག་ཙམ་བསྡད་པ་ཡིན། སྐྱིད་གྲོང་ནི་སྔ་ས་ནས་ངའི་ཕ་ཡུལ་གཉིས་པར་གྱུར་ཟིན། རང་ནུས་ལྕོགས་ཚོད་ཀྱིས་རོགས་རམ་བསྒྲུབ་པ་དེ་ནི་ང་རང་གི་སེམས་འདུན་ཡིན་ཞེས་བརྗོད།
གྲོང་རྡལ་ཆུང་ཆུང་འདིར་མི་དཀྱུས་མས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་འཐབ་ས་དང་པོའི་ཉེན་སེལ་རྒུད་སྐྱོབ་ཀྱི་མི་སྣ་དང་དཔུང་པ་མཉམ་གཤིབ་ཀྱིས་ནམ་རྒྱུན་འཚོ་ཐབས་ལ་བྲེལ་བའི་གྲོང་རྡལ་ཆུང་ཆུང་དང་། ནམ་རྒྱུན་མཉམ་དུ་འཚོ་བར་རོལ་བའི་སྤུན་ཟླ་རྣམས་སྲུང་སྐྱོང་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




