ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྐྱིད་གྲོང་གི་མཐོང་སྣང་།

2026-09-03 16:49:00     责编:卓玛才让

2026ལོའི་ཟླ་8ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། རྒྱུན་ལྡན་རི་ལུང་གི་མཛེས་སྡུག་རབ་ཏུ་བཀྲ་ཞིང་ཞི་འཇགས་སུ་གནས་པའི་སྐྱིད་གྲོང་འགག་སྒོར། ཀུན་གྱི་བློ་ཡུལ་ལའང་འཁོར་མ་མྱོང་བའི་གློ་བུར་གྱི་གོད་ཆགས་ཤིག་གནམ་ནས་ཐོག་བརྒྱབ་པ་ལྟར་བྱུང་བ་སྟེ། ནེ་པ་ལའི་ཕྱོགས་ནས་འདམ་རྡོའི་ཆུ་རུད་ཀྱི་རང་བྱུང་གནོད་འཚེ་དྲག་པོ་ཞིག་འུར་སྒྲ་དང་བཅས་ཐོན་ནས།  ཀྲུང་གོའི་སྐྱིད་གྲོང་འགག་སྒོའི་ས་ཁུལ་དུ་མི་དང་རྒྱུ་ནོར་ལ་བསམ་ཡུལ་ལས་འདས་པའི་གོད་ཆགས་དང་གྱོང་གུན་ཚབས་ཆེན་བཟོས་ཡོད།

གནོད་འཚེ་ཐོན་རྗེས་ཀྱི་ཉིན་གཉིས་པའི་དགོང་མོར། ང་ཚོ་གསར་འགོད་པ་གནོད་འཚེ་ཕོག་ཁུལ་དུ་འབྱོར་སྐབས། ཆར་པ་ཟམ་ཟིམ་འབབ་ཅིང་འགག་སྒོའི་ཕྱོགས་སུ་བསྐྱོད་སའི་ལམ་ཡོངས་སུ་རོགས་སྐྱོབ་རླངས་འཁོར་སོགས་ཀྱི་ལྡིར་སྒྲ་ཡིས་ཁེངས་ནས་འདུག ངའི་མིག་ལམ་དུ་མངོན་པ་ནི་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་འགྲོ་སའི་སྤྱི་ལེ་3ལྷག་ཙམ་གྱི་གཞུང་ལམ་དེ་རྦད་དེ་གཏོར་བཤིག་ཐེབས་ནས་རྡོ་ཆེན་དང་འདམ་བག་གིས་ཁེངས་པ་དེ་རེད། འོན་ཀྱང་། འཇིགས་སུ་རུང་བའི་འདམ་རྡོའི་ཁོར་ཡུག་དེའི་ཁྲོད་ནས་ངའི་སེམས་ཁོང་གི་མིག་ཆུ་དབང་མེད་དུ་ཤོར་དུ་འཇུག་པ་ནི། དུས་ཚོད་བརྩོན་ལེན་གྱིས་ཚེ་སྲོག་སྲུང་སྐྱོབ་བྱེད་པར་འབད་བཞིན་པའི་རླབས་ཆེན་གྱི་དཔའ་བོ་སྟེ། རྒྱ་ཆེའི་གནོད་འགོག་གེགས་སེལ་གྱི་ལས་དོན་པ་མི་རེ་ངོ་རེའི་གཟུགས་བརྙན་དེ་དག་རེད།

གནོད་འགོག་གེགས་སེལ་གྱི་འཐབ་ས་དང་པོར། སྤྱི་བདེ་ཉེན་རྟོག་པ་དང་མེ་ཟོན་རོགས་སྐྱོབ་རུ་ཁག དྲག་ཆས་ཉེན་རྟོག་དཔུང་སྡེ། སྨན་དོན་མི་སྣ། རྒྱ་ཆེའི་མང་ཚོགས་སོགས་ཀྱིས་རང་གི་སྲོག་ལ་མ་འཛེམས་པར། འཚོལ་སྐྱོབ་ཀྱི་ལས་ལ་གཞོལ་བཞིན་འདུག ཁོང་ཚོའི་ལུས་ཀྱི་གྱོན་ཆས་ཡོངས་རྫོགས་འདམ་གྱིས་སྦགས་ཤིང་། ཐ་ན་ངོ་གདོང་ཡང་གསལ་པོ་མཐོང་མི་ཐུབ་མོད། འོན་ཀྱང་ངལ་དུབ་ཀྱིས་མནར་བའི་མིག་ཟུང་ལས་འཕྲོ་བ་ནི་རེ་བ་དང་སེམས་ཐག་གཙང་བཅད་ཀྱི་མིག་འོད་དེ་རེད།

ཁོང་ཚོས་ལག་ཆ་སྣ་ཚོགས་སྤྱོད་པ་དང་། འཕྲུལ་འཁོར་སླེབས་མི་ཐུབ་པའི་སར་མི་མེད་གནམ་གྲུ་དང་འགྱིག་གྲུ་སོགས་སྤྱད་དེ་འཚོལ་སྐྱོབ་ལས་ལ་གཞོལ་བཞིན་འདུག ལུས་ཡོངས་རློན་པར་གྱུར་ཅིང་གོས་ཡོངས་འདམ་གྱིས་སྦགས་ཀྱང་སྣང་མེད་དུ་བཞག་སྟེ། ས་རྡོའི་གསེང་ནས་ཚེ་སྲོག་རེ་རེ་འཚོལ་སྐྱོབ་བྱ་ཆེད་འབད་པ་ལྷུར་ལེན་གནང་བཞིན་འདུག

ཁོང་ཚོའི་བྱ་སྤྱོད་ལས་སྐར་མ་གཅིག་སྔ་ན་ཚེ་སྲོག་གཅིག་སྐྱོབ་ཐུབ་པའི་དད་འདུན་བརྟན་པོ་མངོན་བཞིན་མཆིས།

སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྐྱོད་པའི་གཞུང་ལམ་ནི་འཚོལ་སྐྱོབ་ཀྱི་རེ་བ་ཉག་གཅིག་དེ་ཡིན། འདམ་རྡོའི་ཆུ་རུད་ཀྱིས་ཁྱུར་མིད་བཏང་བའི་ལམ་བུ་དེ་མགྱོགས་མྱུར་སླར་གསོ་བྱ་ཆེད། གཞུང་ལམ་བདག་སྐྱོང་གི་ལས་བཟོ་པ་དང་རང་བྱུང་གནོད་འགོག་ལས་གྲྭའི་ལས་བཟོ་པས་སྔོག་འདོན་འཕྲུལ་འཁོར་ཆེ་རིགས་སོགས་ཡོ་བྱད་སྣ་ཚོགས་སྤྱད་དེ། ཉིན་མཚན་གཡེར་མེད་དུ་ཚེ་སྲོག་གི་ལམ་བུ་བཤང་བའི་དམག་འཐབ་ལ་ཞུགས།

ང་རང་གིས་ཆེས་བརྗེད་པར་དཀའ་བ་ཞིག་ནི། ངལ་དུབ་ཀྱིས་མནར་བའི་རོགས་སྐྱོབ་པ་དེ་དག་གིས་ས་འཁྱགས་གདན་དུ་བཏིང་ཞིང་རྡོ་འཁྱགས་སྔས་སུ་བརྒྱབ་ནས་དུས་ཐུང་སྐར་མ་འགའ་ཤས་རིང་ངལ་གསོ་ཡུད་ཙམ་བརྒྱབ་རྗེས། ཡང་བསྐྱར་ལངས་ཏེ་ལས་ལ་གཞོལ་གྱིན་པའི་རྣམ་པ་དེ་རེད།

ཕྱོགས་གཞན་ཞིག་ནས་ཆར་རླུང་གི་ཁྲོད་དུ་འགྲིམ་འགྲུལ་ཉེན་རྟོག་པས་དཀའ་སྡུག་ལ་མ་འཛེམས་པར། རོགས་སྐྱོབ་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་རྣམས་བདེ་བླག་ངང་སྐྱོད་ཐུབ་ཆེད་སྐད་གསེང་མཐོན་པོས་འགྲིམ་འགྲུལ་བཀོད་འདོམས་བྱེད་པའི་ཉམས་སྣང་དེས་ཀྱང་མི་ཚོར་བློ་བདེ་དང་དྲོད་འཁོལ་སྦྱིན་འོང་།

དེ་དང་ཆབས་ཅིག འགག་སྒོའི་བར་གྱི་གློག་དང་འཕྲིན་གཏོང་སླར་གསོ་ཡོང་བ་བྱ་རྒྱུ་ནི་རོགས་སྐྱོབ་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། གློག་འདོན་ལས་བཟོ་པ་དང་འཕྲིན་གཏོང་ལས་དོན་པ་ཚོས་གྲོག་རོང་དང་གཡང་གཟར་གྱི་ཁྲོད་དུ། རང་གི་སྲོག་ཉེན་ལ་མ་ལྟོས་པར་འགྱེལ་ལ་ཉེ་བའི་གློག་ཤིང་ཐོག་འཛེགས་ནས་ཉམས་གསོ་མྱུར་སྐྱོབ་བྱེད་བཞིན་འདུག ཁོང་ཚོས་རང་འཁྲིའི་ལས་གནས་བརྟན་སྲུང་གིས། གནོད་འཚེ་ཕོག་ཁུལ་དུ་གློག་འོད་ཀྱི་སྐྱ་རེངས་དང་བརྡ་འཕྲིན་གྱི་འབྲེལ་ཟམ་མྱུར་དུ་ཤར་གཏོང་སླར་གསོ་ཐུབ་ཆེད། རང་གི་རྔུལ་ཆུ་དང་ཟུངས་ཁྲག་ལེགས་སྐྱེས་སུ་འབུལ་བཞིན་འདུག

ས་གནས་དངོས་ཀྱི་ལག་བསྟར་བྱ་སྤྱོད་འདི་དག་མཐོང་ཚེ། ང་རང་ལ་སེམས་གཏིང་ནས་ཚོར་བ་ཟབ་མོ་ཞིག་སྟེར་བ་ནི། འདི་ནི་མེ་སྒྱོགས་ཀྱི་སྒྲ་མེད་པའི་དམིགས་བསལ་གྱི་དམག་འཐབ་ཅིག་སྟེ། རོགས་སྐྱོབ་རུ་ཁག་སོ་སོས་སྤྱི་ཡོངས་ཀྱི་བཀོད་སྒྲིག་འོག་ནས་རང་སོ་སོའི་འགན་འཁྲི་ལེགས་པར་བསྒྲུབས་ཤིང་གཞོགས་འདེགས་དམ་ཟབ་བྱེད་པའི་མཉམ་ལས་ཀྱི་སྟོབས་ཤུགས་དེ་རེད། "མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར"ཞེས་པའི་རླབས་ཆེན་གྱི་དགོངས་དོན་དེ་རྩོམ་ཡིག་ནང་གི་སྟོང་བཤད་ཙམ་མ་ཡིན་པར། གནོད་འགོག་འཐབ་ས་རུ་ཁྲག་ཐིགས་དང་རྔུལ་ཆུས་བྲིས་པའི་ལག་ལེན་དངོས་དང་། ལས་དོན་པ་རེ་རེའི་ལྷག་བསམ་ཟོལ་མེད་ཀྱི་སྙིང་དབུས་ན་འབར་བའི་དད་མོས་ཤིག་ཡིན་པ་ར་སྤྲོད་གསལ་པོ་བྱེད།

མུན་པ་རུབ་ཀྱང་ཆར་པ་ད་དུང་འབབ་བཞིན་མཆིས། འོན་ཀྱང་འདམ་རྡོའི་ཁྲོད་དུ་འགུལ་བསྐྱོད་བྱེད་པའི་གྱོན་ཆས་སེར་པོ་དང་དམར་པོ་གྱོན་པའི་རོགས་སྐྱོབ་མི་སྣ་རྣམས་ནི། རང་བྱུང་གནོད་འཚེའི་མདུན་གྱི་རེ་བའི་སྐར་ཚོགས་ལྟ་བུ་རེད། ཁོང་ཚོས་ཚེ་སྲོག་ལ་བཅངས་པའི་བླ་ན་མེད་པའི་བརྩི་བཀུར་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་དེས། དྲོ་སྐྱིད་དང་སྟོབས་ཤུགས་མུ་མཐུད་དུ་སྦྱིན་བཞིན་འདུག མིག་སྔར། སྐྱིད་གྲོང་འགག་སྒོར་འཚོལ་སྐྱོབ་ཀྱི་ལས་དོན་དེ་མུ་མཐུད་ཛ་དྲག་དང་མགྱོགས་མྱུར་གྱི་ངང་ནས་སྤེལ་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

སྐྱིད་གྲོང་གི་མཐོང་སྣང་།