མི་ཉག་མགར་ཐར་ཡུལ་དུ་བཞུཌ་མོལ་ཚོཌ་འདུ་འདི་འདྲ་ཞིག་འཚོཌ།
ཟླ་8ཚེས་29ནས་ཚེས་30ཉིན་བར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ། མི་ཉག་མགར་ཐར་ཡུལ་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་དར་སྤེལ། རྒྱུན་འཛིན། མི་རིགས་ཁག་བར་འབྲེལ་འདྲིས་བྱུང་བའི་དོན་དངོས་གསེད་བཀྲོལ་བཅས་བྱ་ཆེད། ཀྲུང་གུང་རྟའུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས། མགར་ཐར་གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་མི་ཉག་མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུར་པེ་ཅིང་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲེ་ཅང་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་སོགས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་མི་རིགས་རིག་པ་དང་བོད་རིག་པ། མི་རིགས་ཁྲིམས་ལུགས་རིག་པ་སོགས་ཁྱབ་ཁོངས་སུ་གཏོགས་པའི་རིག་གཅིག་མཁས་པ་18གདན་འདྲེན་ཞུས་པ་དང་། ས་གནས་རང་གི་རིག་གནས་དང་ལོ་རྒྱུས་ཀྱི་རིག་གཅིག་མཁས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། བོད་འབྲེལ་ས་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་སྡེ་ཁག་གི་གསར་འགོད་པ་སོགས་འཐུས་ཚབ་མི་སྣ་100ལྷག་ཞུགས་ཡོད།

མི་ཉག་མགར་ཐར་ཡུལ་ལ་མི་ཉག་རིག་གནས་ཀྱི་ལྟེ་བ་ཞེས་པའི་མཚན་སྙན་ལྡན་ཞིང་།གནའ་སྔ་མོ་ནས་ས་གནས་འདི་རུ་སྤུན་ཟླ་མི་རིགས་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་མཇལ་རྒྱུ་ཡོད་ལ། མི་རིགས་དབར་མཐུན་སྒྲིལ་གྱི་གསེར་ཟམ་འཛུགས་ས་དང་། རིག་གནས་དང་ཚོང་ལས་བརྗེ་རེས་བྱེད་ས། མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱེད་སའི་ས་གནས་ཤིག་ཀྱང་ཡིན།
བཞུགས་མོལ་ཚོགས་འདུའི་ཐོག རིག་གཅིག་མཁས་པ་ཚོས་རང་སོའི་མཐོང་ཐོས་དང་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཟུང་། མི་ཉག་མགར་ཐར་ཡུལ་གྱི་ཡུལ་ལྗོངས་ཉམས་དགའ་བ་དང་། ལོ་རྒྱུས་རྒྱུན་རིང་བ། གནའ་ཤུལ་ཕུན་སུམ་ཚོགས་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་རང་བཞིན་ལྡན་པ། ཚོང་འདུས་ཀྱི་ས་ཚིགས་གལ་ཆེན་ཡིན་པ་བཅས་ལ་དམིགས་ནས་གསུང་བཤད་དང་གདེང་འཇོག་གང་ལེགས་བྱས་ཡོད།

རིག་གཅིག་མཁས་པའི་རྟོག་ཞིབ་ཚོ་ཆུང་དང་ཚོགས་ཞུགས་མི་སྣ་ཡོངས་མགར་ཐར་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་ནས། ས་གནས་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། རྒྱ་ལྕགས་རི་ཞེས་གྲགས་པའི་མགར་ཐར་ལྕགས་རི་རྙིང་པའི་གནའ་ཤུལ། མགར་ཐར་གནའ་གྲོང་། མགར་ཐར་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཞལ་འབག་དང་། ཐང་ག མར་རྒྱན་མཆོད་པ། ཤིང་བརྐོས་ལག་རྩལ། ཨ་ཅེ་ལྷ་མོའི་ཟློས་གར་སོགས་ཡུལ་གྲུ་འདི་གའི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་དང་རིག་གནས་སྒྱུ་རྩལ་སྐོར་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་སྣས་ཀྱང་ཡུལ་དངོས་ནས་རིག་གནས་རྒྱུན་འཛིན་གྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།



རིག་གཅིག་མཁས་ཅན་ཚོས་མགར་ཐར་ཡུལ་གྱི་མི་རིགས་མང་པོ་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ལོ་རྒྱུས་ཤུལ་དངོས་སྲུང་སྐྱོང་། མགར་ཐར་དགོན་པའི་བཀའ་གཙིགས་རྡོ་རིང་སོགས་མདོར་ན་མི་ཉག་མགར་ཐར་ཡུལ་གྱི་ལོ་རྒྱུས་རིག་གནས་སྐོར་ལ་གསུང་གླེང་ཞིབ་རྒྱས་མཛད་པས། མ་འོངས་པའི་མི་རིགས་མཐུན་སྒྲིལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ཕན་འབྲས་བླ་ན་མེད་པ་ཐོན་ཡོད། འབྱུང་འགྱུར། རྟའུ་རྫོང་གིས་རིག་གཅིག་མཁས་པའི་རིག་མཛོད་བཙུགས་ནས། མི་ཉག་མགར་ཐར་ཡུལ་གྱི་མི་རིགས་འགྲོ་འོང་དང་རིག་གནས་སྤེལ་རེས་ཀྱི་སྤུས་རྟགས་ལེགས་པར་བསྐྲུན་རྒྱུ་དང་། རིག་གནས་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




