སི་ཁྲོན་རྔ་བར་གནས་པའི་ཆུ་གློག་ཁང་ཆེན་པོ་འདིའི་གློག་གཏོང་གནས་ཚུལ།

གསར་འགོད་པར་ཚེས་31ཉིན་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་རྔ་བར་གནས་པའི་འཛམ་གླིང་ཐོག་གི་ཆུ་རགས་མཐོ་ཤོས་དང་པོ་སྟེ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཧྲོང་ཅང་ཁོའུ་ཆུ་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་འཕྲུལ་ཚན་གསུམ་ཚང་མས་གློག་གཏོང་འགོ་ཚུགས་ཡོད།

སི་ཁྲོན་མངའ་ཁོངས་སུ་གནས་པའི་ཧྲོང་ཅང་ཁོའུ་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་ལས་གྲྭ་གཙོ་གནད་ཅིག་ཡིན་པ་དང་། ཆུ་རགས་ཀྱི་མཐོ་ཚད་ལ་སྨི་315ཡོད་ཅིང་། དེ་ནི་དེང་གི་འཛམ་གླིང་ཐོག་གི་ཆུ་རགས་མཐོ་ཤོས་ཨང་དང་པོ་དེ་ཡིན་པ་རེད། གློག་ཁང་གི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་200ཟིན་པ་དང་། ཁྱོན་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆན་ཝ་ཁྲི་50ཡོད་པའི་ཆུ་འཁོར་གློག་འདོན་འཕྲུལ་ཚན་4སྒྲིག་སྦྱོར་བྱས་ཡོད་པ་དང་། ཆུ་མཛོད་ཀྱི་སྤྱིའི་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་29ཟིན་པ་དེ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཆུ་ལོག་སྔོན་འགོག་དང་གློག་འདོན། ཆུའི་ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ནུས་པ་གཅིག་ལྕོགས་ལྡན་པའི་ཚོད་འཛིན་རང་བཞིན་གྱི་སྣེ་འདྲེན་ལས་གྲྭ་ཞིག་ཡིན་པ་རེད།
འདི་ལོའི་ཟླ་6པར་འཕྲུལ་ཚན་ཐོག་མ་ནས་གློག་གཏོང་འགོ་ཚུགས་ཚུན། འཛུགས་སྐྲུན་ཚོགས་པས་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་གྱི་དྲོད་ཚད་མཐོ་བའི་སྐབས་གློག་སྤྱོད་འགན་ལེན་གྱི་དགོས་མཁོར་དམ་པོར་དམིགས་ནས། ཟླ་གཉིས་ནང་འཕྲུལ་ཚན་གསུམ་ཚང་མས་གློག་གཏོང་འགོ་ཚུགས་པ་དང་། རིམ་རྩིས་བྱས་ན་དྭངས་གཙང་ཆུ་གློག་སྟོང་ཝ་ཏུའུ་དུང་ཕྱུར་5གཏོང་ཐུབ་པས། སི་ཁྲོན་ཞིང་ཆེན་དང་དེ་བཞིན་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་གྱི་དབྱར་དུས་གློག་ཤུགས་འགན་ལེན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
གློག་ཁང་གི་འཕྲུལ་ཚན་ཚང་མ་ནས་གློག་གཏོང་འགོ་ཚུགས་རྗེས། ལོ་རེར་ཆ་སྙོམས་ཐོག་གློག་གཏོང་ཚད་ཆན་ཝ་ཏུའུ་དུང་ཕྱུར་77ཙམ་ཟིན་ནས། ལོ་ལྟར་སྨད་རྒྱུད་ཀྱི་སྐས་རིམ་གློག་ཁང་ཁྱུ་ཚོགས་ལ་ཆན་ཝ་ཏུའུ་དུང་ཕྱུར་66སྣོན་ཐུབ་པས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཕྱོད་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




