ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

འཇུ་ལག་གི་པད་ཁའི་མེ་ཏོག་ཐང་ལ་འཛམ་གླིང་ཟིན་ཐོའི་དཔང་དཔྱད་ཐོབ་པ།

2026-08-05 16:45:00     责编:卓玛才让

ཟླ་8ཚེས་3ཉིན། “ས་བབ་མཐོ་ཤོས་ཀྱི་ཡུག་འབྲེལ་པད་ཁའི་མེ་ཏོག་ཐང་”ཞེས་པའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་ཀྱི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དུ་སྤེལ་བ་དང་། འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་དཔོན་གྱིས་ས་གནས་ས་ཐོག་ཏུ་བདེན་དཔང་ར་སྤྲོད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ལག་ཁྱེར་སྤྲད་ཡོད། དེའི་ཐོག་ནས་འཇུ་ལག་གི་པད་ཁའི་མེ་ཏོག་ཐང་ལ་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་དངོས་སུ་ཐོབ་པ་མཚོན་ཡོད།

དབྱར་གཞུང་གི་དུས་སུ། མདོ་ལ་རི་བོས་བསྐོར་བའི་འཇུ་ལག་གི་མུའུ་བརྒྱ་ཕྲག་ལྷག་གི་པད་ཁའི་མེ་ཏོག་རབ་ཏུ་བཞད་ཡོད་ཅིང་། གསེར་མདོག་གི་པད་ཁའི་མེ་ཏོག་དེ་ལེ་དབར་བརྒྱ་ཙམ་ལ་ཁྱབ་ནས་མཚོ་སྔོན་དབྱར་དུས་ཀྱི་མཚོན་རྟགས་རང་བཞིན་གྱི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་བདེན་དཔང་ར་སྤྲོད་བྱེད་སྒོར་ཀྲུང་གོར་བཅའ་སྡོད་འཛམ་གླིང་ཟིན་ཐོའི་ཡིག་ཐོག་སྙན་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཆིང་ཐའེ་དང་བདེན་དཔང་ར་སྤྲོད་དཔོན་མ་ཁེ་གཉིས་དམིགས་བསལ་གདན་ཞུས་ལྟར་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པར་སླེབས་ཡོད་པ་དང་། ས་གནས་ས་ཐོག་ཏུ་རྩད་ཞིབ་ཐིག་ལེན་དང་། གྲངས་གཞི་དཔྱད་བསྡུར། དཔྱད་ཡིག་ཞིབ་བཤེར་སོགས་ཀྱི་བརྒྱུད་རིམ་ནན་པོ་བརྒྱུད་རྗེས། གཞུང་ཕྱོགས་ཀྱིས་མཚོ་སྔོན་འཇུ་ལག་གི་ལེ་དབར་བརྒྱའི་པད་ཁའི་མེ་ཏོག་ཐང་དེ་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ཡུག་འབྲེལ་པད་ཁའི་མེ་ཏོག་ཐང་དུ་དངོས་སུ་གཏན་འཁེལ་བྱས་ཡོད།

 དབང་གྲགས་ལྡན་པའི་བདེན་དཔང་ར་སྤྲོད་དེ་ནི་འཇུ་ལག་གི་སྤུས་ལེགས་ས་མཐོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ། ས་གནས་དེ་གས་རིག་གནས་ཡུལ་སྐོར་ཐོན་ལས་གཏིང་ཟབ་སྤེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད། 2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན་པས། འཇུ་ལག་རྫོང་གིས་མདོ་ལ་རི་བོའི་འབྱུང་ཁམས་སྲུང་ཡོལ་གྱི་ལེགས་ཆར་གཞི་ཚུགས་ཐོག ལེ་དབར་བརྒྱ་ཡི་པད་ཁའི་མེ་ཏོག་ཐང་དང་། མེ་ལྷ་གངས་དཀར། སེམས་ཉིད་ནགས་ཀླུང་སོགས་ལྟེ་བའི་ཐོན་ཁུངས་ལ་བརྟེན་ནས། འབྱུང་ཁམས་ལྟ་སྐོར་དང་ཕྱི་རོལ་ལུས་རྩལ། གྲོང་གསེབ་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་ཀྱིས་“གསེར་མདོག་གི་འཇུ་ལག སེམས་ཉིད་གངས་ཐང་”ཞེས་པའི་རིག་གནས་ཡུལ་སྐོར་གྱི་IPསྔར་བས་བཀྲག་མདངས་འཚེར་བར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

འཇུ་ལག་གི་པད་ཁའི་མེ་ཏོག་ཐང་ལ་འཛམ་གླིང་ཟིན་ཐོའི་དཔང་དཔྱད་ཐོབ་པ།