ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཐད་འགྱུར་བ་ཆེན་པོ་འགྲོ་རྒྱུ།

2026-08-05 15:00:00     责编:卓玛才让

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉིན་ཤས་གོང་《གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་》པར་འགྲེམས་བྱས་པ་དང་། དེའི་ནང་2030ལོར་སླེབས་སྐབས་གློག་གསོག་རྨང་གཞིའི་སྒྲིག་བཀོད་བསྡོམས་འབོར་ཁྲི་4000ལས་བརྒལ་རྒྱུ་དང་། ནུས་ཚད་ཆེ་བའི་གློག་གསོག་སྒྲིག་བཀོད་ཁྲི་30ཙམ་ཟིན་རྒྱུ་ཡིན་ཞིང་། གློག་སྒུལ་རླངས་འཁོར་དུང་ཕྱུར་1.1ལྷག་ཙམ་ལ་གློག་གསོག་ཞབས་ཞུ་སྒྲུབ་པའི་ནུས་པ་ལྡན་རྒྱུ་རེད་ཅེས་བཏོན་ཡོད། འབྱུང་འགྱུར་ལོ་5ཡི་ནང་། གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཐད་འགྱུར་བ་འདི་དག་ཡོང་རྒྱུ་རེད།

གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་ཐད།

གྲོང་ཁྱེར་དུ་ཁེབས་རྒྱ་ཆེ་བ་དང་། གཞུང་ལམ་ཐོག་སྦྲེལ་མཐུད་ཆེ་བ། གྲོང་གསེབ་ཏུ་གནད་སྨིན་དང་སྤྱོད་གོ་ཆོད་པ་བཅས་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་མགྱོགས་མྱུར་བསྐྲུན་རྒྱུ།

མྱུར་བགྲོད་གཞུང་ལམ་གྱི་གློག་གསོག་ཐད།

མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་གྱི་གློག་གསོག་སྒྲིག་བཀོད་རྙིང་ཚབ་གསར་བརྗེ་དང་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། ལམ་ཐག་རིང་འབྲིང་གི་འགྲོ་སྐྱོད་དགོས་མཁོ་སྐོང་ཐུབ་པའི་གྲོང་ཁྱེར་དབར་གྱི་དྲ་རྒྱ་གཏོད་རྒྱུ།

གྲོང་གསེབ་(རྫོང་དང་ཤང་)ས་ཁུལ་གྱི་གློག་གསོག་ཐད།

མཚོ་ཐོག་གླིང་ཕྲན་དང་ས་བབ་མཐོ་བའི་མཐོ་གྲང་ས་ཁུལ་ཕུད་པའི་གྲོང་གསེབ་(རྫོང་དང་ཤང་)ས་ཁུལ་དུ་སྤྱི་པའི་གློག་གསོག་སྒྲིག་ཆས་ཡོངས་སུ་ཁྱབ་པ་བྱ་རྒྱུ།

གློག་གསོག་མགྱོགས་པ་དང་ནུས་ཚད་ཆེ་བའི་གློག་གསོག་ཐད།

གློག་མགྱོགས་གསོག་སྒྲིག་བཀོད་ཀྱི་བསྡུར་ཚད་མང་དུ་གཏོང་བ་དང་། ནུས་ཚད་ཆེ་བའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་རྒྱུ།

ལྗིད་ཐེག་རླངས་འཁོར་གྱི་གློག་གསོག་ཐད།

རྒྱལ་ཁབ་ཀྱི་ཟོག་འདྲེན་བགྲོད་ལམ་གཙོ་བོའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ལམ་རྒྱུད་དུ་ནུས་ཚད་ཆེ་བའི་ལྗིད་ཐེག་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་བསྐྲུན་རྒྱུ།

གློག་གསོག་ཞབས་ཞུའི་འགན་ལེན་ཐད།

སྡོད་གནས་ཁུལ་གྱི་གློག་གསོག་ཕུར་པ་སྒྲིག་སྦྱོར་དང་གློག་སྦྲེལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། སྡོད་གནས་ཁུལ་གྱི་གློག་གསོག་སྒྲིག་བཀོད་“གཅིག་གྱུར་འཛུགས་སྐྲུན་དང་གཅིག་གྱུར་ཞབས་ཞུ་”ཡི་ཚོད་ལྟ་ཁག་གཅིག་ལ་སྐུལ་འདེད་གཏོང་རྒྱུ།

གློག་གསོག་ས་ཚིགས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། གྲོན་དངུལ་བསྡུ་བ་སོགས་ཀྱི་ཆ་འཕྲིན་མཚོན་རྟགས་འཐུས་ཚང་དུ་གཏོང་བ། སྒྲིག་བཀོད་འཁོར་སྐྱོད་དང་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་གློག་གསོག་ཉམས་ལེན་ལེགས་སུ་ནུས་ལྡན་གཏོང་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཐད་འགྱུར་བ་ཆེན་པོ་འགྲོ་རྒྱུ།