དབུཌ་རྡིག་འབར་གས་བྱེད་རྐྱེན་དང་དོ་སྣང་བྱ་ཡུལ།
དུས་དེང་སང་། གྲོང་ཁྱེར་དང་གྲོང་གསེབ་གང་ལ་ཡང་། འབྲས་དང་ཤ་ལ་སོགས་པའི་བྲོ་ཞིམ་ཁ་ལག་གཡོས་སྦྱོར་བྱེད་སྐབས། དབུགས་རྡིག་(高压锅)ནི་ཐབ་ཚང་ནང་གི་སྤྱོད་གོ་ཆོད་པའི་ཐབ་ཆས་མེད་དུ་མི་རུང་བ་ཞིག་ཡིན། འོན་ཀྱང་ཅ་ལག་དེ་བེད་སྤྱོད་ཡག་པོ་མ་བཏང་ན། གློ་བུར་དུ་འབར་གས་བྱས་ནས་ཟ་མ་ཚ་པོ་མགོ་དང་ངོ་གདོང་ལ་འབྱར་བའི་ཉེན་ཁ་ཤིན་ཏུ་ཆེ།

ནམ་རྒྱུན་དབུགས་རྡིག་འབར་གས་ཀྱི་དོན་རྐྱེན་ཐོན་མང་།
2026ལོའི་ཟླ་1པོར། ཧོ་པེ་པའོ་ཏིང་གི་གྲོང་མི་ཨ་ཅག་ཀྲང་ལགས་ཀྱིས་དབུགས་རྡིག་ནང་ཤ་འཚོད་སྐབས་ཀྱང་དབུགས་རྡིག་འབར་གས་ཀྱི་གནས་ཚུལ་ཐོན་ནས་ངོ་གདོང་དང་མཇིང་པར་འཚིག་རྨས་ཤུགས་ཆེན་བྱུང་ཡོད། ཨ་ཅག་ཀྲང་ལགས་ཀྱིས་དོན་དེའི་བྱུང་རྐྱེན་ནི་རང་ཉིད་ཀྱིས་དབུགས་རྡིག་གི་དབུགས་ཚང་མ་ཕྱི་ལ་གློད་མ་ཚར་བའི་གོང་ནས། ཁ་གཅོད་ཕྱེ་བའི་རྐྱེན་གྱིས་ཡིན་པར་སེམས།
2026ལོའི་ཟླ་5པར། ཀྲེ་ཅང་ཐའེ་ཀྲོའུ་ཡི་གྲོང་མི་ཞིག་གིས་དབུགས་རྡིག་ནང་དུ་རྩིབ་ཤ་འཚོད་སྐབས་དབུགས་རྡིག་གློ་བུར་དུ་འབར་གས་བྱས་ཏེ་རྩིབ་ཤ་གང་སར་ཐོར་ནས་ཐབ་ཚང་གི་ཤེལ་སྒོ་བཅག་པ་མ་ཟད། ཐ་ན་དབུགས་རྡིག་གི་ལྷུ་ལག་སྒེའུ་ཁུང་ཕྱི་རོལ་དུ་ཐོར་ནས་རྒྱ་ལམ་སྟེང་དུ་ཟགས་པ་རེད།
2026ལོའི་ཟླ་6པར། ཧྲན་ཏུང་ཡན་ཐའེ་ཡི་གྲོང་མི་ཨ་ཅག་མུའུ་ལགས་ཀྱིས་ཁྱིམ་གྱི་དབུགས་རྡིག་རྙིང་པ་དེ་ལ་དྲ་ཐོག་ནས་ཉོས་པའི་དབུགས་ཏོག་གསར་པ་བརྗེས་པའི་རྗེས། བེད་སྤྱོད་གཏོང་ཐེངས་དང་པོར་དབུགས་རྡིག་འབར་གས་བྱས་ནས་ཁ་གཅོད་བར་སྣང་དུ་ཐོར་ཏེ་ཁང་པའི་ཐོག་པང་བརྟོལ་བ་རེད།

མདོར་ན། རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་དབུགས་རྡིག་འབར་གས་ཀྱི་དོན་རྐྱེན་ཐོན་པ་མང་པོ་མཐོང་རྒྱུ་ཡོད། དེ་དག་ཕལ་ཆེ་བ་ནི་དབུགས་རྡིག་བེད་སྤྱོད་ཡང་དག་མ་བྱུང་བ་དང་འབྲེལ་བ་དམ་ཟབ་ཡོད། ཨ་ཅང་ཅང་། གོང་གསལ་གྱི་གནས་ཚུལ་དེ་ཚོ་ལས་ང་ཚོར་དབུགས་རྡིག་བེད་སྤྱོད་གཏོང་སྐབས་ངེས་པར་དུ་མཉམ་འཇོག་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་གྱི་ཅོང་བརྡ་བཏང་ཡོད།
དབུགས་རྡིག་འབར་གས་བྱེད་པའི་རྒྱུ་རྐྱེན།
དེ་ཡང་། མེ་གསོད་མི་སྣས་དུས་རྒྱུན་དབུགས་རྡིག་ནང་ཟ་མ་འཚོད་སྐབས། ཟས་ཀྱི་སྙིགས་རོས་དབུགས་རྡིག་གི་དབུགས་ལམ་འགག་པའི་རྣམ་པར་ལད་མོ་བྱས་ཏེ། ངོས་གཉིས་སྤྱིན་གྱིས་(双面胶)དབུགས་རྡིག་གི་དབུགས་འབུད་ཁུང་བུ་དང་བདེ་འཇགས་སྟེམ་སྒོ་བཀག་ནས་དབུགས་རྡིག་ལ་མེ་བཏང་ནས་ཚ་པོ་བཟོས་ཤིང་། སྐར་མ་འགའ་ཤས་སོང་རྗེས་དབུགས་རྡིག་ནང་གི་གནོན་ཤུགས་ཇེ་མཐོར་སོང་བ་དང་། གློ་བུར་དུ་“འབོག་”ཅེས་པའི་སྒྲ་གྲགས་པ་དང་མཉམ་དུ་དབུགས་རྡིག་འབར་གས་བྱས་ནས་ཚོད་ལྟ་བྱེད་ཡུལ་གྱི་གྱང་ངོས་དང་ཅོག་ཙེའི་སྒང་ལ་ཟས་སྙིགས་དང་ཆུ་སྙིགས་ཀྱིས་ཁེངས་པ་མ་ཟད། ཉེ་འགྲམ་གྱི་མི་གཟུགས་རྫུས་མའི་ཐོག་ལ་ཡང་དྲོད་ཚད་མཐོ་བའི་གཤེར་གཟུགས་ཀྱིས་ཁེངས་ཡོད་པ་རེད།

མེ་གསོད་མི་སྣས་ས་ཡུལ་དངོས་སུ་ཚད་འཇལ་བྱས་ནས་ཤེས་རྟོགས་བྱུང་གསལ། དབུགས་རྡིག་ནང་གི་ཟ་མ་དང་ཁུ་བ་ཕྱིར་གཏོར་བའི་ཁྱབ་ཁོངས་སྨི་གཉིས་གསུམ་ཟིན་གྱི་ཡོད་ཅིང་། གལ་སྲིད་མི་ཞིག་འཁྲིས་སུ་ཡོད་ན་འཚིག་རྨས་ཚབས་ཆེན་འབྱུང་སྲིད།
མེ་གསོད་མི་སྣས། ཚོད་ལྟ་བྱེད་པའི་བརྒྱུད་རིམ་ནང་དབུགས་གནོན་ཕྱི་ལ་ཤོར་བའི་གནས་ཚུལ་བྱུང་མོད། འོན་ཀྱང་དབུགས་གནོན་ཤོར་ཚད་ཅུང་ཉུང་བ་དང་། མེ་བཏང་ནས་ཚ་པོ་བཟོ་དུས་དབུགས་གནོན་མགྱོགས་མྱུར་འཕར་ནས་མཐའ་མཇུག་དབུགས་རྡིག་ལ་དངོས་ལུགས་རང་བཞིན་གྱི་འབར་གས་བྱུང་ཡོད་ཅེས་འགྲེལ་བརྗོད་བྱས་པ་རེད། གཞན་ཡང་དབུགས་རྡིག་ནང་ཟ་མ་མང་དྲགས་ནའང་འབར་གས་བྱེད་སླ། གང་ལགས་ཤེ་ན། དབུགས་རྡིག་ནང་དུ་གནོན་ཤུགས་ཐོན་སྐབས་ཟ་མ་བཙིར་རིལ་འུ་རིལ་བྱས་ནས་བདེ་འཇགས་ལྡན་པའི་བར་སྟོང་ཧ་ལམ་མེད་པར་བརྟེན། སྐབས་དེར་མུ་མཐུད་ཚ་པོ་བཟོས་ན་གནོན་ཤུགས་ཇེ་ཆེར་འཕེལ་བ་དང་ཆབས་ཅིག་འབར་གས་བྱེད་སླ་བས་རེད།

དབུགས་རྡིག་སྤྱོད་དུས་མཉམ་འཇོག་བྱེད་དགོས་པའི་གནད་དོན།
■ ཁ་དམ་སྦྱར་འགྱིག་སྒོར་ལ་ཞིབ་བཤེར་བྱེད་དགོས།
དབུགས་རྡིག་གི་ཁ་དམ་སྦྱར་འགྱིག་སྒོར་ལ་སྐྱོན་ཡོད་མེད་དང་། བཟོ་ལྟ་འགྱུར་ཡོད་མེད། རྙིང་པ་ཆགས་ཡོད་མེད་བཅས་ལ་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་། སྒྲིག་སྦྱོར་བྱེད་དུས་ཁ་གཅོད་ཀྱི་ཀོང་ཤུར་དང་དམ་པོར་སྦྱར་ཐུབ་པ་བྱེད་དགོས། གལ་སྲིད་འགྱིག་སྒོར་གྱི་ལྡེམ་གཤིས་ཞན་པ་དང་། སེར་ཁ་གས་ཡོད་ན་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས།
■དབུཌ་ཏོག་དང་ཁུང་བུར་ཞིབ་བཤེར་བྱེད་དགོས།
དབུགས་ཏོག་མ་འགག་པ་དང་བསྐོར་བ་རྒྱག་ཐུབ་པ་བྱེད་དགོས་ལ། དབུགས་འབུད་ཁུང་བུ་དང་། བདེ་འཇགས་སྟེམ་སྒོ་ཤར་བགྲོད་ཐུབ་པ་བྱས་ནས་ཟས་ཀྱི་སྙིགས་རོས་མ་འགག་པ་བྱེད་དགོས།
■ཁ་གཅོད་དང་སྣོད་ལ་ཞིབ་བཤེར་བྱེད་དགོས།
དབུགས་རྡིག་གི་སྣོད་དང་ཁ་གཅོད་ཏག་ཏག་འགྲིག་ཐུབ་པ་གང་ཞིག་ཁ་གཅོད་དམ་པོར་རྒྱག་ཐུབ་པ་བྱེད་དགོས།གལ་སྲིད་དབུགས་རྡིག་གི་བཟོ་ལྟ་གྱུར་བ་སོགས་ཀྱི་སྐྱོན་ཡོད་ན་བེད་སྤྱོད་བྱེད་མི་རུང་།
■སྣོད་ཀྱི་ཤོང་ཚད་ལ་བལྟ་དགོས།
ཟས་རིགས་དང་གཤེར་གཟུགས་ཀྱི་སྤྱི་འབོར་དབུགས་རྡིག་གི་ཤོང་ཚད་ཀྱི་གསུམ་ཆ་གཉིས་ལས་བརྒལ་མི་རུང་།གལ་སྲིད་སྲན་མའི་རིགས་དང་ཐུག་པ་སོགས་འཕེལ་སླ་བའི་ཟས་རིགས་གཡོས་སྦྱོར་བྱེད་དགོས་ཚེ། དབུགས་རྡིག་གི་ཤོང་ཚད་ཀྱི་གཉིས་ཆ་གཅིག་ལས་བརྒལ་མི་རུང་ཞིང་། མེ་གཏོང་བའི་བརྒྱུད་རིམ་ཁྲོད་ཟས་རིགས་འཕེལ་ཏེ་དབུགས་འབུད་ཁུང་བུ་འགག་པ་སྔོན་འགོག་བྱེད་དགོས།

■བེད་སྤྱོད་ལོ་ཚད་ལ་དོ་སྣང་བྱེད་དགོས།
སྤྱིར་བཏང་བྱས་ན་དབུགས་རྡིག་བཀོལ་སྤྱོད་བྱེད་པའི་ལོ་ཚད་ནི་ལོ་5ནས་8བར་ཡིན་པ་དང་། ཚོང་རྟགས་དང་རྒྱུ་ཆ་མི་འདྲ་བར་གཞིགས་ནས་ཁྱད་པར་ཅུང་ཟད་ཡོད། ཐབ་ཚང་དང་། གློག་ཆས། མེ་བཅས་དང་འབྲེལ་བ་ཡོད་པའི་ལྷུ་ལག་གལ་ཆེན་དག་གོང་ཁེ་པོ་བྱས་ནས་གང་བྱུང་ཉོ་མི་རུང་བར། ངེས་པར་དུ་ཚད་ལྡན་གྱི་ཐབས་ལམ་དང་ཚད་ལྡན་གྱི་བཟོ་གྲྭ་བརྒྱུད་ནས་ཉོ་སྒྲུབ་བྱེད་དགོས་སོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




