ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ལག་ཐོཌ་ཁ་པར་གྱི་གློག་གསོག་སྟངས་མ་ཤེས་ན་ཉེན་ཁ་ཆེ།

2026-06-22 09:20:00     责编:卓玛才让

ཀྲེ་ཅང་ཧུའུ་ཀྲོའུ་ཡི་གྲོང་མི་ཞིག་གི་ཁྱིམ་དུ་གློ་བུར་དུ་མེ་ཤོར་ནས་ནང་ཆས་ཕལ་ཆེ་བ་འཚིག་རིལ་ཐེབས་པ་མ་ཟད། ཁང་པའི་ནང་གི་གྱང་ངོས་ཚང་མ་ནག་པོར་གྱུར་ནས་སོལ་བ་བྱུགས་པ་ནང་ལྟར་ཆགས་ཡོད། སྟབས་ལེགས་པར་མེ་གསོད་རུ་མི་དུས་ཐོག་ཏུ་སླེབས་ནས་འཕྲལ་མར་མེ་བསད་པར་བརྟེན་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་མེད།

མེ་སྐྱོན་དེའི་འབྱུང་རྐྱེན་ནི་ཁང་བདག་གིས་ལག་ཐོགས་ཁ་པར་གྱི་གློག་གསོག་ཡོ་ཆས་དུས་ཡུན་རིང་པོར་གློག་འཛུགས་(插座)སྟེང་བསྒར་ནས་བཞག་པ་དང་།   གློག་གསོག་སྐུད་པའི་མཐུད་སྣེ་ཏག་ཏག་སྔས་འགོའི་འོག་ཏུ་ཁེལ་ནས་རིམ་བཞིན་ཚ་པོ་ཆགས་ཏེ་མེ་འབར་བ་ཞིག་ཡིན་པ་རེད།

དུས་རྒྱུན་འཚོ་བའི་ནང་ང་ཚོ་མི་མང་པོ་ཞིག་གིས་ལག་ཐོགས་ཁ་པར་ལ་གློག་བསགས་ཚར་རྗེས། ཁ་པར་གློག་འཛུགས་སྟེང་ནས་ཚུར་བཀོག་པ་ལས་གློག་གསོག་ཡོ་ཆས་དང་གློག་གསོག་སྐུད་པ་གློག་འཛུགས་སྟེང་མུ་མཐུད་བསྒར་ནས་བཞག་གི་ཡོད།  བལྟས་ན་སྟབས་བདེ་བའི་གོམས་གཤིས་ངན་པ་དེས་ད་གཟོད་མེ་སྐྱོན་སློང་གི་ཡོད་པས། ལག་ཐོགས་ཁ་པར་ལ་གློག་བསགས་ཟིན་རྗེས་གློག་གསོག་ཡོ་ཆས་དུས་ཐོག་ཏུ་གློག་འཛུགས་སྟེང་ནས་བཀོག་དགོས།

ལག་ཐོགས་ཁ་པར་གྱི་རྒྱུན་མཐོང་གློག་གསོག་ནོར་འཁྲུལ།

×གློག་གསོག་ཡོ་ཆས་ཡུན་རིང་མི་བཀོག་པ།

གློག་གསོག་ཡོ་ཆས་ནི་མཐོ་གནོན་གློག་དེ་དམའ་གནོན་ཐད་རྒྱུག་གློག་ཏུ་བསྒྱུར་བའི་ལྷུ་ལག་ཅིག་ཡིན། གློག་གསོག་ཡོ་ཆས་གློག་འཛུགས་ལ་བསྒར་རྗེས། མ་གཞི་ཁ་པར་ལ་གློག་མ་བླུགས་ནའང་གློག་གསོག་ཡོ་ཆས་མུ་མཐུད་ལས་ཀ་བྱེད་པའི་རྣམ་པར་གནས་ཀྱི་ཡོད་པས། གལ་སྲིད་གློག་གསོག་ཡོ་ཆས་དུས་ཡུན་རིང་པོར་གློག་འཛུགས་ཀྱི་སྟེང་དུ་བསྒར་ནས་བཞག་ན། གློག་ཟད་གྲོན་ཆེ་བ་མ་ཟད།  ད་དུང་མུ་མཐུད་དུ་ཚ་བ་རྒྱས་ནས་ལྷུ་ལག་འཕྲོ་བརླག་འགྲོ་ཉེན་ཆེ་བ་དང་། གློག་འཐབ་དང་ཡང་ན་གློག་མཐོ་གནོན་ཚད་བརྒལ་བྱུང་ནས་མེ་སྐྱོན་ལྷགས་པའི་ཉེན་ཁ་ཡོད། 

×མཚན་གང་རིང་ལག་ཐོགས་ཁ་པར་ལ་གློག་གསོག་པ།

རྒྱུན་ལྡན་གྱི་གནས་ཚུལ་འོག ཚད་ལྡན་གྱི་གློག་གསོག་ཡོ་ཆས་ཚང་མར་ཚད་བརྒལ་གློག་གསོག་པའི་བདེ་འཇགས་སྲུང་སྐྱོབ་གློག་ལམ་ཡོད་ཅིང་། གློག་རྫས་ཁེངས་མ་ཐག་རང་འགུལ་གྱིས་སྲུང་སྐྱོབ་བྱེད་ནུས་ཐོན་ནས་གློག་གསོག་མཚམས་འཇོག་པའམ། ཡང་ན་གློག་གསོག་པའི་གློག་རྒྱུན་ཧ་ཅང་ཆུང་བའི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་ཀྱི་ཡོད། འོན་ཀྱང་གལ་ཏེ་གློག་གསོག་ཡོ་ཆས་ཀྱི་སྲུང་སྐྱོབ་སྒྲིག་ཆས་ཀྱི་ནུས་པ་ཤོར་བའམ་ཡང་ན་གློག་རྫས་ཀྱི་སྤུས་ཚད་ལ་སྐྱོན་ཤོར་བ་དུས་ཐོག་ཏུ་ཧ་མ་གོ་ན་ཚ་པོ་ཆགས་ནས་མེ་འབར་སྲིད་པ་དང་ཐ་ན་འབར་གས་ཀྱང་བྱེད་སྲིད།

×གློག་རྫས་100%ཁེངས་པ་བྱེད་པ། 

དུས་ཡུན་རིང་པོར་ལག་ཐོགས་ཁ་པར་ལ་གློག་ཁེངས་པའམ་ཡང་ན་གློག་ཚད་མཐོ་དྲགས་ན། གློག་རྫས་ཀྱི་ཤོང་ཚད་དང་གློག་རྫས་སྤྱོད་ཡུན་ཐུང་དུ་འགྲོ་སྲིད་པས། དུས་རྒྱུན་ཁ་པར་གྱི་གློག་ཚད་65%ནས་75%བར་རྒྱུན་འཁྱོངས་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

×གློག་གསོག་ཞོར་དུ་ཁ་པར་སྤྱོད་པ།   

གློག་གསོག་སྐབས་ལག་ཐོགས་ཁ་པར་ཚ་པོ་ཆགས་སྲིད་པས། གལ་སྲིད་གློག་གསོག་གིན་དུ་ཁ་པར་བེད་སྤྱོད་བྱས་ན་ཚ་ཚད་དེ་བས་མྱུར་དུ་འཕེལ་ནས་ཉེན་ཁ་བཟོ་སྲིད།

×ཉལ་ཁྲིའི་འགོ་དང་སྔས་འགོའི་འཁྲིས་ལ་གློག་གསོག་པ།

གློག་གསོག་སྐབས་ལག་ཐོགས་ཁ་པར་སྤྱོད་བདེ་པོ་ཡོང་ཆེད། མི་མི་ཉུང་བ་ཞིག་གིས་ཉལ་ཁྲིའི་འགྲམ་དང་ཡང་ན་སྔས་འགོའི་འཁྲིས་སུ་གློག་གསོག་གི་ཡོད། གནས་ཚུལ་དེ་འདྲའི་འོག་གལ་ཏེ་གློག་འཐབ་ནས་རང་འབར་བྱས་ཚེ་སྔས་འགོ་སོགས་འབར་སླ་བའི་དངོས་རྫས་ལ་མེ་མཆེད་ནས་ཉེན་ཁ་ཆེན་པོ་བཟོ་སྲིད།

ཁ་པར་ལ་གློག་གསོག་དུས་མེ་འབར་ན་གང་འདྲ་བྱེད་དགོས།

 གློག་ཁུངས་གཅོད་དགོས། 

གལ་ཏེ་གློག་གསོག་ཡོ་ཆས་ལས་དུ་བ་འཕྱུར་བ་དང་མེ་སྟག་འཕྱུར་བ་མཐོང་ན། ལམ་སེང་གློག་གི་བསད་སྤར་བསད་ནས་བསྒར་སྣེ་བཀོག་སྟེ་གློག་ཁུངས་གཅོད་དགོས། 

 མཐའ་འཁོར་གྱི་དངོས་རྫས་སྤོ་དགོས། 

ལམ་སེང་ཉེ་འགྲམ་གྱི་འབར་སླ་བའི་དངོས་རྫས་སྤོས་ནས་མེ་མཆེད་པ་སྔོན་འགོག་བྱ་དགོས།

 ཡང་དག་པའི་མེ་གསོད་ཡོ་ཆས་སྤྱོད་དགོས།

ཆུ་དང་ལྦུ་བའི་མེ་གསོད་ཡོ་ཆས་ཀྱིས་མེ་གསོད་མི་རུང་ཞིང་གློག་འཁྱུད་པའི་ཉེན་ཁ་ཡོད། གལ་ཏེ་གློག་ཁུངས་བཅད་ཡོད་མེད་གཏན་ཁེལ་མ་ཐུབ་ན། སྐམ་ཕྱེའི་མེ་གསོད་ཡོ་ཆས་དང་དབྱང་གཉིས་ཐཱན་རྫས་མེ་གསོད་ཡོ་ཆས་ཀྱིས་མེ་གསོད་དགོས།

 དུས་ཐོག་ཏུ་རོགས་སྐྱོབ་ཁ་པར་རྒྱག་དགོས། 

 མེ་སྐྱོན་ཆེན་པོ་ཚོད་འཛིན་མི་ཐུབ་པའི་སྐབས་སུ་འཕྲལ་མར་ཡུལ་དངོས་ནས་ཁ་བྲལ་དགོས་པ་མ་ཟད། 119ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏོང་དགོས་པ་དང་། དུ་བ་ཁ་ནང་དུ་མ་ཕྱིན་པ་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ལག་ཐོཌ་ཁ་པར་གྱི་གློག་གསོག་སྟངས་མ་ཤེས་ན་ཉེན་ཁ་ཆེ།

ཀྲེ་ཅང་ཧུའུ་ཀྲོའུ་ཡི་གྲོང་མི་ཞིག་གི་ཁྱིམ་དུ་གློ་བུར་དུ་མེ་ཤོར་ནས་ནང་ཆས་ཕལ་ཆེ་བ་འཚིག་རིལ་ཐེབས་པ་མ་ཟད། ཁང་པའི་ནང་གི་གྱང་ངོས་ཚང་མ་ནག་པོར་གྱུར་ནས་སོལ་བ་བྱུགས་པ་ནང་ལྟར་ཆགས་ཡོད།