དབྱར་ཁ་ལུས་ལ་ཐོར་པ་འདི་འདྲ་ཐོན་ན་གང་འདྲ་བྱེད་དགོས།
དབྱར་དུས་དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ་བའི་ཁོར་ཡུག་ཁྲོད། ལུས་པོའི་སྐྱི་པགས་ཀྱི་སྒྲིབ་དངོས་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། རྔུལ་ཆུའི་ནང་གི་ཚྭ་དང་ཚབ་བྱེད་དངོས་པོས་རྒྱུན་མཐུད་ངང་སྐྱི་པགས་ལ་ཕོག་ཐུག་གཏོང་བ། དེའི་ཁར་ད་དུང་དུག་སྦྲང་དང་འབུ་སྲིན་སོགས་མང་པོ་ཐོན་པའི་དུས་ཡིན་པས། ལུས་པོའི་སྐྱི་པགས་ལ་གནད་དོན་འབྱུང་སླ་པོ་ཡོད། དེས་ན་སྐྱི་པགས་ཀྱི་གནད་དོན་གང་ཞིག་ཡིན་མིན་གཤམ་གྱི་ཐབས་ལ་བརྟེན་ནས་མགྱོགས་མྱུར་བརྡར་ཤ་གཅོད་ཆོག་སྟེ།

༡ འབུ་ཡིས་སོ་བཏབ་པ་ཡིན་ཚེ། མང་ཆེ་བ་ནི་ཁེར་རྐྱང་གི་ཐོར་པ་དམར་པོ་ཐོན་པ་དང་། རྒྱུན་པར་ཕྱིར་མངོན་པའི་རྐང་ལག་སོགས་ལ་ཐོན་སྲིད། ཞིབ་ཕྲ་བལྟས་ཚེ་སྐབས་འགར་འབུ་ཡིས་སོ་བཏབ་པའི་རྗེས་ཤུལ་ཆུང་ཆུང་ཡང་མཐོང་ཐུབ། འདི་འདྲའི་ཐོར་པ་ཐོན་པ་མགྱོགས་ལ་ཡལ་བ་ཡང་བལྟོས་བཅས་ཀྱིས་མགྱོགས་པོ་ཡོད།
༢ རླན་འབྲུམ་ཡིན་ཚེ། ལུས་ཆ་ཤས་གང་རུང་ལ་ཐོན་སྲིད་པ་དང་། དམར་ཐིག་ཡིན་སྲིད་ལ་ཐོར་པ་ཡང་ཐོན་སྲིད་ཅིང་། གདོང་དང་། ལག་པའི་གྲུ་མོའི་ནང་ལོགས། རྐང་པའི་སྒྱིད་ཁུག ལག་པའི་མཁྲིག་མ། རྐང་ལག་བཅས་སུ་ཐོན་སྲིད། རླན་འབྲུམ་དེ་རིགས་ཡང་དང་བསྐྱར་དུ་ཐོན་སླ་པོ་ཡོད།
༣ ཚ་འབྲུམ་ཡིན་ཚེ། སྐྱི་པགས་ལྟེབ་གཉེར་རྒྱག་མཚམས་སུ་ཐོན་སླ་པོ་ཡོད། དཔེར་ན་སྐེ་དང་མཆན་འོག བརླ་ཤུར། སྒལ་པ་སོགས་སུ་ཐོན་སླ་ཞིང་། ཁབ་རྩེའི་ཆེ་ཆུང་གི་ཐོར་པ་དམར་པོ་ཐོན་གྱི་ཡོད། དྲོད་ཚད་མཐོན་པོར་སླེབས་སྐབས་པགས་ནད་འདི་རིགས་འབྱུང་སླ་བ་དང་། དྲོད་ཚད་གྲང་དུ་འགྲོ་བ་དང་བསྟུན་ནས་ཡལ་སྲིད།
༤ དབྱར་དུས་ཀྱི་པགས་པའི་གཉན་ཚད(འབུ་ཕྲའི་འགོས་ནད)ཡིན་ཚེ། རྐང་ལག་བཞི་པོའི་མཐུད་མཚམས་དང་ལྷག་པར་དུ་རྐང་ངར་མདུན་ངོས་དང་དཔུང་པའི་ཕྱི་ངོས་སུ་ཐོན་གྱི་ཡོད་ཅིང་། སྒོར་དབྱིབས་སམ་ཕྱེད་སྒོར་དབྱིབས་ཀྱི་གཟུགས་སུ་མངོན་པ་དང་། མཐའ་གསལ་ཞིང་མཉམ་དུ་ཤུན་པ་ཕུད་ཀྱི་ཡོད། འབུ་ཕྲའི་འགོས་ནད་དེ་རིགས་རྒྱུན་དུ་སྨན་བཅོས་མ་བྱས་ན་རང་འགུལ་ངང་དྲག་སྐྱེད་མི་ཐུབ་པ་དང་། ཐ་ན་ཇེ་སྡུག་ཏུ་འགྲོ་སྲིད།
གོང་གསལ་གྱི་ཐབས་ལ་བརྟེན་ནས་བརྡར་ཤ་གཅོད་ཁག་པོ་བྱུང་ཚེ། ཆེད་ལས་བདེ་ཐང་གི་AIདང་ཡང་ན་སྨན་པར་བློ་འདྲི་ཆོག

ཐོག་མར་པར་བླངས་ནས་ཆེད་ལས་AIསྟེང་བསྐུར་ཚེ། AIཡིས་སྐྱི་པགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ཆེད་ལས་ཀྱི་བསམ་འཆར་འདོན་གྱི་ཡོད། བདེ་ཐང་AIཡིས་ཐོག་མའི་བརྡར་ཤ་བཅད་རྗེས། མ་ལག་གིས་གསལ་འདེབས་བྱེད་སྲིད་པས། དེ་ནས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྨན་པར་བློ་འདྲི་བྱས་ན་ཆོག

དབྱར་དུས་སུ་སྐྱི་པགས་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད་གཤམ་གྱི་ཐབས་འདི་དག་ཡིད་ལ་བཟུང་དགོས།
• ཕྱི་རོལ་དུ་འགྲོ་དུས་དུག་སྦྲང་ཡག་པོ་འགོག་དགོས། དུག་སྦྲང་འགོག་པའི་སྨན་ (DEET)དང་ཡང་ན་ཕའེ་ཁ་རུའེ་ཏིང་གི་གྲུབ་ཆ་ལྡན་པའི་དུག་སྦྲང་འགོག་སྨན་སྤྱོད་ཆོག དོ་སྣང་བྱེད་དགོས་པ་ཞིག་ནི། སྐྱེས་ནས་ཟླ་བ་གཉིས་ཟིན་མེད་པའི་ཕྲུ་གུ་དམར་འབྱར་ལ་དུག་སྦྲང་འགོག་སྨན་ཨེན་སྤྱོད་མི་རུང་བ་དང་། ལོ་གསུམ་མན་གྱི་ཕྲུ་གུར་ལེ་མོན་ཨན་ཤིང་སྣུམ་གྱི་གྲུབ་ཆ་འདུས་པའི་དུག་སྦྲང་འགོག་སྨན་སྤྱོད་མི་རུང་།
• སྐྱི་པགས་ལ་གཙང་སྦྲ་ཡག་པོ་བྱེད་པ་དང་སྐམ་པོ་ཡོང་བ་བྱེད་དགོས། རྔུལ་ཆུ་ཐོན་རྗེས་དུས་ལྟར་བཀྲུ་དགོས་པ་དང་། དྲོད་སྙོམས་འཕྲུལ་ཆས་འོག་ཏུ་དུས་ཡུན་རིང་པོ་སྡོད་སྐབས་སྐྱི་པགས་ཀྱི་རློན་ཚད་དོ་སྙོམས་ཡོང་བ་བྱེད་དགོས།
• འགག་རྩ་ཞིག་ནི་ལུས་པོའི་སྐྱི་པགས་ལ་ཐོར་པ་དམར་པོ་ཐོན་དུས་གང་བྱུང་དུ་མི་འབྲད་པ་དང་སྨན་གང་བྱུང་ངང་བྱུག་རྒྱུ་མེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




