ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དམག་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་གིས་སློབ་མ་ཁྲི་1.75ཙམ་བསྡུ་རྒྱུ།

2026-06-10 17:20:00     责编:卓玛才让

ཟླ་6པའི་ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཀྲང་ཞའོ་ཀང་གིས་ཉེ་ཆར་དམག་དཔུང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གནས་ཚུལ་སྤེལ་ཡོད། གསར་འགོད་པས་2026ལོར་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གཏོང་མུས་ཡིན་པས། དམག་དཔུང་གི་འབྲེལ་ཡོད་སློབ་གྲྭ་ཆེ་ཁག་གིས་སྤྱིར་བཏང་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་བསྡུ་བའི་འཆར་གཞིའི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞེས་དྲིས་པར། ཀྲང་ཞའོ་ཀང་གིས། 206ལོར་དམག་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་22ཀྱིས་སྤྱིར་བཏང་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་ཁྲི་1.75ཙམ་བསྡུ་རྒྱུའི་འཆར་གཞི་ཡོད། དམག་དཔུང་སློབ་གྲྭ་ཆེ་ཁག་གིས་སློབ་མ་བསྡུ་བའི་ལས་དོན་ཐད་ཆབ་སྲིད་སྦྱོང་བརྡར་ཟབ་སྤེལ་བྱ་རྒྱུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། དམག་དཔུང་གི་དམག་འཐབ་འཛུགས་སྐྱོང་དང་བཅོས་སྐྱོང་གྲ་སྒྲིག་བྱེད་པའི་ཤེས་ལྡན་མི་སྣའི་དགོས་མཁོ་དང་འབྲེལ་མཐུད་གནད་ལ་འཁེལ་བ། དམག་དཔུང་གི་སློབ་གླིང་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་ལས་འགན་གསར་པའི་འཆར་འགོད་གཞིར་བཟུང་ནས། སློབ་མ་བསྡུ་བའི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབས་བྱས་ཡོད།

འདི་ལོ་ནས་བཟུང་། སྐམ་དམག་དང་མཚོ་དམག མཁའ་དམག་བཅས་དམག་ཁོངས་གསོ་རིག་སློབ་ཆེན་3དུ་ལོ་5ཡི་གསོ་རིག་དངོས་གཞིའི་ཚན་ཁག་གི་སློབ་གསོ་དང་ལོ་3གྱི་རབ་འབྱམས་པའི་ཆེད་ལས་སློབ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོ་དང་། སྨན་ཁང་དུ་སྡོད་མཁན་སྨན་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་ཕན་ཚུན་འབྲེལ་མཐུད་ཀྱི་གཞི་གཅིག་ཅན་གྱི་གསོ་སྐྱོང་མ་ལག་བཙུགས་ཏེ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཕྲོད་བསྟེན་སྨན་བཅོས་དཔུང་ཁག་སྐྱེད་སྲིང་དང་འཛུགས་སྐྱོང་བྱ་རྒྱུ་རེད། གཞན་ཡང་སློབ་གླིང་གི་ཁྱད་ལྡན་ལེགས་ཆའི་རིག་ཚན་ལ་བརྟེན་ནས་གསར་དར་ལག་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མུ་མཐུད་བྱ་རྒྱུ་རེད།

ང་ཚོས་ཕུགས་བསམ་ལྡན་པའི་གཞོན་ནུ་དེ་བས་མང་བ་དམག་དཔོན་སློབ་གྲྭར་རྒྱུགས་སྤྲད་དེ་དམག་དཔུང་དུ་ལང་ཚོའི་དཔལ་འབར་བ་བྱས་ཐོག འཛམ་གླིང་གི་དམག་དཔུང་རྩེ་གྲ་མགྱོགས་མྱུར་བསྐྲུན་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རྗེས་མཐུད་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་དམག་དཔུང་སློབ་གླིང་གི་གཞུང་ཕྱོགས་ཀྱི་སློབ་བསྡུའི་སྤྱི་བསྒྲགས་ལ་དོ་ཁུར་གནང་རོགས་ཞུ་རྒྱུ་དང་དྲ་རྒྱའི་སློབ་བསྡུའི་ཁ་བསླུས་རྒྱག་པ་དང་ཆ་འཕྲིན་རྫུན་མར་དོགས་ཟོན་ཡང་གནང་རོགས་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དམག་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་གིས་སློབ་མ་ཁྲི་1.75ཙམ་བསྡུ་རྒྱུ།