ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

2026ལོར་འཕྲུལ་མི་ཁྲི་ཕྲག་མང་པོ་ང་ཚོའི་འཚོ་བའི་ནང་ཞུགས་རྒྱུ་རེད།

2026-06-10 17:20:00     责编:卓玛才让

ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག《2026ལོའི་ལོ་འཁོར་གྱི་མི་དབྱིབས་འཕྲུལ་མི་དང་གཟུགས་ལྡན་རིག་ནུས་ཁོར་ཡུག་དངོས་ནང་དངོས་སྦྱོང་ཚོད་ལྟའི་ཆེད་དོན་བྱ་སྤྱོད་》ཅེས་པ་དངོས་སུ་སྤེལ་འགོ་བཙུགས་ཡོད།

 བྱ་སྤྱོད་དེས་མི་དབྱིབས་འཕྲུལ་མི་དང་གཟུགས་ལྡན་རིག་ནུས་ཐོན་རྫས་རྣམས་དངོས་ཡོད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཁྲོད་རྒྱུན་རྣམ་ཅན་གྱི་སྒོ་ནས་བཀོད་སྒྲིག་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མྱུར་དུ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།

ཆེད་དོན་བྱ་སྤྱོད་ཀྱི་དམིགས་ཚད་གཙོ་བོ་ནི། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས། མི་དབྱིབས་འཕྲུལ་མི་སོགས་གཟུགས་ལྡན་རིག་ནུས་ཀྱི་གཙོ་གནད་ཐོན་རྫས་རྣམས་དཔེ་མཚོན་རང་བཞིན་གྱི་ཁོར་ཡུག་མང་པོའི་ནང་ཚོད་ལྟ་དངོས་སྤྱོད་དང་རྒྱུན་རྣམ་ཅན་གྱི་བཀོད་སྒྲིག་བྱས་ནས། མི་དབྱིབས་འཕྲུལ་མི་དང་གཟུགས་ལྡན་རིག་ནུས་ཀྱི་"ལས་སྒྲུབ་བྱེད་སྟངས"དངོས་སུ་སྤྱོད་འགོ་འཛུགས་རྒྱུ་དེ་ཡིན་པ་རེད།

རིན་ཐང་མཐོ་བའི་བཀོལ་སྤྱོད་ཀྱི་ཁོར་ཡུག་བརྒྱ་ཡན་ཆགས་པར་བྱས་ཏེ། གཟུགས་ལྡན་རིག་ནུས་ཀྱི་ཉེར་སྤྱོད་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཕྲུལ་མི་ཁྲི་ཕྲག་རིམ་པ་དངོས་སུ་ལས་སྒྲུབ་བཀོལ་སྤྱོད་བྱེད་པའི་ནུས་པ་ཆགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད་འདུག

བྱ་སྤྱོད་འདིས་གཙོ་བོ་ཐོན་སྐྱེད་བཟོ་སྐྲུན་དང་། ཞིབ་བཤེར་དབྱེ་ཞིབ། ཉམས་གསོ་སྲུང་སྐྱོང་། མཛོད་ཉར་ཟོག་འགྲེམས། བཟའ་བཏུང་སིལ་ཚོང་། སྨན་བཅོས་བདེ་ཐང་ལུས་གསོ། བདེ་འཇགས་ཐོན་སྐྱེད། འཕྲལ་སྡོམ་རོགས་སྐྱོབ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཆུ་ཚད་མཐོ་བའི་དངོས་སྦྱོང་བར་མཐོངས་བསྐྲུན་པ་དང་། ཁྱབ་མཐུན་རང་བཞིན་ཆེ་བའི་གཟུགས་ལྡན་རིག་ནུས་ཀྱི་དཔེ་དབྱིབས་བཟོ་བ། སྤུས་ཚད་མཐོ་བའི་ཁོར་ཡུག་དངོས་ཀྱི་གྲངས་གཞི་བསྡུ་ལེན་བྱེད་པ། བྱེད་ལས་ཕུལ་དུ་བྱུང་བའི་འཕྲུལ་ཆས་ཧྲིལ་པོའི་ཐོན་རྫས་བཅས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཆེད་དོན་བྱ་སྤྱོད་ཀྱིས་བཟོ་ལས་དང་། ཞབས་ཞུ། དམིགས་བསལ་སོགས་ཀྱི་ཁྱབ་ཁོངས་ལ་གཙོ་བོར་དམིགས་ནས། ཁོར་ཡུག་དངོས་ཀྱི་དངོས་སྦྱོང་བར་མཐོངས་བསྐྲུན་པ་དང་། གསར་གཏོད་བཀོལ་སྤྱོད་ཀྱི་མཉམ་འབྲེལ་ཚོགས་སྤྱི་འཛུགས་པ། དངོས་སྤྱོད་ཅན་གྱི་ལས་སྒྲུབ་རྩལ་ནུས་ལ་འགག་སྒྲོལ་བྱེད་པ། དངོས་ཡོད་བཀོལ་སྤྱོད་ཚོད་ལྟ་དང་རྒྱུན་རྣམ་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། བྱང་ཆུབ་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཁྱབ་སྤེལ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་མང་པོ་ཞིག་ཆེད་དུ་བཀོད་སྒྲིག་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

2026ལོར་འཕྲུལ་མི་ཁྲི་ཕྲག་མང་པོ་ང་ཚོའི་འཚོ་བའི་ནང་ཞུགས་རྒྱུ་རེད།