ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མ་འོངས་ལོ་ལྔའི་ནང་གྲོང་ཁྱེར་ལ་འགྱུར་ལྡོག་གང་འདྲ་འགྲོ་རྒྱུ་ཡིན་ནམ།

2026-06-09 16:10:00     责编:卓玛才让
 

图片

ཚེས་8ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཐད་ཀྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ཤིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད།

《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནི་གྲོང་ཁྱེར་གསར་སྒྱུར་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་དང་པོ་དེ་ཡིན་ཞིང་། དེའི་ནང“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་དམིགས་ཚད་དང་གཙོ་གནད་ལས་འགན། ལས་གྲྭ་གལ་ཆེན་བཅས་ཁ་གསལ་བཟོས་ཡོད།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་11.5སྒྱུར་བཀོད་བྱེད་འགོ་འཛུགས་རྒྱུ།

ཁུལ་ཆུང་གི་སྒྲིག་བཀོད་ཐད། འབར་རླངས་དང་ཆུ་མཁོ་འདོན། ཚ་ཤུགས། འགྲོ་ལམ་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་པ་མཐོ་རུ་གཏོང་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཐོག་ཁང་ལ་གློག་སྐས་བསྒར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

ཁོར་ཡུག་ཐད། སྤྱི་པའི་བར་སྟོང་དང་ལེ་ལག་ཚང་བའི་སྒྲིག་བཀོད་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རེད།

ཁུལ་ཆུང་གི་དོ་དམ་ཐད། སྒྱུར་བཀོད་དང་ཟུང་འབྲེལ་བྱས་ནས་ཁུལ་ཆུང་གི་ཕུགས་ཕན་དོ་དམ་ལམ་སྲོལ་དུས་མཉམ་དུ་འཐུས་ཚང་དུ་གཏོང་བ་དང་། སྡེ་ལས་ཞབས་ཞུ་ནང་འདྲེན་བྱ་རྒྱུར་སྐུལ་མ་གཏོང་བ། གྲོང་མི་རྣམས་ཁུལ་ཆུང་གི་དོ་དམ་ནང་ཞུགས་རྒྱུར་སྐུལ་སློང་བཅས་བྱས་ཏེ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་རེད།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྤྱི་ལེ་ཁྲི་77ཙམ་མུ་མཐུད་འཛུགས་སྐྲུན་སྒྱུར་བཀོད་བྱ་རྒྱུ།

“དྲ་བ་དྲུག”འཛུགས་སྐྲུན་བྱ་རྒྱུ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་སྒྱུར་བཀོད་བྱ་རྒྱུ་ནི་དེའི་ནང་གི་ནང་དོན་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྤྱི་ལེ་ཁྲི་77ཙམ་མུ་མཐུད་འཛུགས་སྐྲུན་སྒྱུར་བཀོད་བྱ་རྒྱུ་དང་། དེའི་ནང་འབར་རླངས་སྦུག་དྲ་སྤྱི་ལེ་ཁྲི་20ཙམ་དང་ཆུ་འབུད་སྦུག་དྲ་སྤྱི་ལེ་ཁྲི་17.5ཙམ། ཆུ་མཁོ་འདོན་སྦུག་དྲ་སྤྱི་ལེ་ཁྲི་17.5ཙམ། བཙོག་ཆུའི་སྦུག་དྲ་སྤྱི་ལེ་ཁྲི་10ཙམ། དྲོད་མཁོ་འདོན་སྦུག་དྲ་སྤྱི་ལེ་ཁྲི་12ཙམ་ཡོད། གྲོང་ཁྱེར་བདེ་འཇགས་ཐད་ཀྱི་ལྡེམ་ཤུགས་ཆེ་རུ་འགྲོ་རྒྱུ་དང་དུས་མཚུངས། ནུས་ལྡན་གྱི་མ་འཇོག་ལའང་སྐུལ་ཁྲིད་ཐུབ་རྒྱུ་རེད།

མ་དངུལ་སྒོར་དུང་ཕྱུར་970བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གསར་སྒྱུར་ལ་ཆེད་དམིགས་རྒྱབ་སྐྱོར་བྱ་རྒྱུ།

ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ལ་བརྟེན་ནས་གྲོང་ཁྱེར་གསར་སྒྱུར་ལ་ཆེད་དམིགས་རྒྱབ་སྐྱོར་བྱ་རྒྱུ་རེད། 2025ལོར། ཀྲུང་དབྱང་སྔོན་རྩིས་ནང་ནས་གྲོང་ཁྱེར་གསར་སྒྱུར་ལ་མ་འཇོག་བྱེད་པའི་ཆེད་དོན་རྣམ་གྲངས་བཙུགས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གྱི་ཉེན་ཡོད་ཁང་པ་རྙིང་པ་སྒྱུར་བཀོད་སོགས་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། 2026ལོར་མ་དངུལ་སྒོར་དུང་ཕྱུར་970བཀོད་སྒྲིག་བྱས་ནས། གྲོང་མིའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྐུལ་འདེད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། གྲོང་མི་དུད་ཚང་ཁྲི་800ཙམ་ལ་ཕན་པ་བསྐྲུན་རྒྱུ་རེད།

མ་དངུལ་སྒོར་དུང་ཕྱུར་1600བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་རྒྱུ།

“གལ་ཆེ་གཉིས”ཀྱི་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་སྒྱུར་བཀོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད། “གལ་ཆེ་གཉིས”འཛུགས་སྐྲུན་གྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་འབྲེལ་ཐོག དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་བརྒྱུད་གྲོང་ཁྱེར་གྱི་འབར་རླངས་དང་ཆུ་འབུད། ཆུ་མཁོ་འདོན། དྲོད་མཁོ་འདོན་སོགས་ས་འོག་སྦུག་དྲ་འཛུགས་སྐྲུན་སྒྱུར་བཀོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད་པ་དང་། 2026ལོར་མ་དངུལ་སྒོར་དུང་ཕྱུར་1600བཀོད་སྒྲིག་བྱས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་250འཕར་ཡོད་ཅིང་། འབྲེལ་ཡོད་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཛུགས་སྐྲུན་གྱི་ཞན་ཆ་གང་མགྱོགས་ཁ་གསབ་དང་། གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་ཐོག གྲོང་ཁྱེར་བདེ་འཇགས་ངང་འཁོར་སྐྱོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་བས་བློ་བདེ་བག་ཕེབས་ཡོང་བ་བྱ་རྒྱུ་རེད།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གཙོ་གནད་གྲོང་ཁྱེར་50ཡིས་འདྲ་བཟོ་བྱ་རུང་ཞིང་ཁྱབ་གདལ་གཏོང་ཆོག་པའི་གྲོང་ཁྱེར་གསར་སྒྱུར་གྱི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ།

2024ལོ་ནས་བཟུང་། ནོར་སྲིད་པུས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་དུ་གཙོ་གནད་གྲོང་ཁྱེར་ཁག་གཅིག་གིས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་བསྟར་གྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལོ་གསུམ་བསྟུད་མར། རིམ་རྩིས་བྱས་ན་པེ་ཅིང་དང་ཧྲང་ཧའེ། ཧྲེན་དབྱང་། ལུའོ་དབྱང་། ཨུ་ལུམ་ཆི། ཁྲེང་ཏུའུ་སོགས་གཙོ་གནད་གྲོང་ཁྱེར་50ལ་སྔོན་ལ་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་གྲོང་ཁྱེར་ཚང་མར་ཁག་སོ་སོར་བཅད་གྲངས་ཁ་གསབ་རོགས་དངུལ་སྤྲད་དེ། གྲོང་ཁྱེར་གྱི་དཔེ་མཚོན་རྣམ་གྲངས་གཙོ་བོ་དང་ལམ་སྲོལ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་དང་དུས་མཚུངས། ས་གནས་ཀྱིས་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱེད་པ་དང་གནས་འཛོལ་བཀོད་སྒྲིག་བྱེད་པར་སྔར་བས་མཐོང་ཆེན་བྱ་རྒྱུ་དང་། མ་འཇོག་དང་འཛད་སྤྱོད་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱ་རྒྱུ། དངོས་པོར་མ་འཇོག་དང་མི་ལ་མ་འཇོག་གཉིས་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱ་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། གཙོ་གནད་གྲོང་ཁྱེར་50འདི་དག་གིས་ལག་བསྟར་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ལས་དོན་གྱི་དམིགས་ཚད་ལ་གཞིགས་ཏེ། གྲོང་ཁྱེར་གྱི་འདྲ་བཟོ་བྱ་རུང་ཞིང་ཁྱབ་གདལ་གཏོང་ཆོག་པའི་གྲོང་ཁྱེར་གསར་སྒྱུར་གྱི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་རེད། ནོར་སྲིད་པུས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་དུ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་འོས་འཚམ་གཏོང་རྒྱུ་དང་། སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྔར་བས་ཞིབ་འཇུག་བྱ་རྒྱུ་རེད།

གཞན་ཡང་། སྡེ་ཁུལ་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ལས་གྲྭ་ཆ་ཚང་ལག་ལེན་བསྟར་ནས། སྡེ་ཁུལ་5000ལ་འཛུགས་སྐྲུན་སྒྱུར་བཀོད་བྱ་རྒྱུ་དང་། ཁང་པའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་ནས། བདེ་འཇགས་ལྡན་ཞིང་སྐྱིད་སྣང་དོད་པ། འབྱུང་འཕྲོད་རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”འཛུགས་སྐྲུན་སྒྱུར་བཀོད་བྱ་རྒྱུ། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གང་མགྱོགས་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གྱི་ཉེན་ཡོད་ཁང་པ་རྙིང་པ་སྒྱུར་བཀོད་སོགས་སྤྱི་པའི་བདེ་འཇགས་དང་དམངས་འཚོ་འགན་ལེན་རིགས་ཀྱི་ལས་གྲྭར་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ། ཁུལ་ཆུང་རྙིང་པར་གློག་སྐས་བསྒར་བ་དང་སྤྱི་གླིང་ཆུང་ཕྲན་སོགས་གསར་སྒྱུར་ཅུང་ཟད་བྱེད་དགོས་པའི་དམངས་འཚོའི་རྣམ་གྲངས་ལ་དམིགས་ཏེ་འཆར་འགོད་ཆོག་འཐུས་ཀྱི་ཞིབ་མཆན་ཁག་གཅིག་སྟབས་བདེ་རུ་གཏོང་བའམ་ཡང་ན་མེད་པ་བཟོ་རྒྱུ་བཅས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

མ་འོངས་ལོ་ལྔའི་ནང་གྲོང་ཁྱེར་ལ་འགྱུར་ལྡོག་གང་འདྲ་འགྲོ་རྒྱུ་ཡིན་ནམ།