གཟུགས་པོར་སྐྲན་ནད་ཡོད་མེད་ཀྱི་བརྟག་དཔྱད་ཕྱོགས་སྟོན།
སྐྲན་ནད་ཀྱི་སྐོར་གླེང་སྐབས། མི་མང་པོ་ཞིག་གིས་ན་ཟུག་ཆེ་བ་དང་། ཁྲག་བཤལ་བ། ལུས་པོ་སྐམ་རིད་དུ་གྱུར་བ་སོགས་ཧ་ཅང་ལྟ་བས་མི་བཟོད་པ་ཞིག་ཏུ་མཐོང་གི་ཡོད། དོན་དངོས་ཐོག་སྐྲན་ནད་མི་ཉུང་བ་ཞིག་ལ་ཐོག་མའི་དུས་སུ་དམིགས་བསལ་ཅན་གྱི་ནད་རྟགས་གང་ཡང་མེད་པས། མི་མང་པོ་ཞིག་གིས་ལྷོད་གཡེང་ཤོར་ཏེ་ཉིན་ནས་ཟླ་དང་། ཟླ་ནས་ལོ་བསྟུད་དེ་རིམ་བཞིན་ཚབས་ཇེ་ཆེར་སོང་ནས་མཐའ་མ་ཚེ་སྲོག་གི་བདེ་ཐང་ལ་འཇིགས་སྣང་སྐུལ་སྲིད། རྒྱུ་མཚན་དེའི་ཕྱིར་ཆུ་མ་ཤོར་གོང་ནས་ཆུ་རགས་ཞེས་པའི་དཔེ་ལྟར། གཟུགས་པོར་བརྟག་དཔྱད་བྱས་ཏེ་ནད་རྟགས་མངོན་གསལ་དོད་པོ་མེད་དུས་ནས་སྔ་ཙམ་ཤེས་རྟོགས་དང་བཅོས་ཐབས་བྱས་ན་ལེགས།

གློ་བའི་འབྲས་སྐྲན་གྱི་བརྟག་དཔྱད་ཕྱོགས་སྟོན།
ལོ་50ཡན་ལ་སླེབས་པའི་ཉེན་ཆེའི་མི་ཚོགས་དང་། གཤམ་གསལ་གྱི་དོན་ཚན་གང་རུང་དང་མཐུན་པའི་མི་དག་གིས་ལོ་ལྟར་ཉུང་མཐར་ཡང་ཚད་དམའ་བའི་དུང་འཁྱིལ་CTཐེངས་གཅིག་བརྒྱབ་ནས་གློ་སྐྲན་ཡོད་མེད་བརྟག་དཔྱད་བྱེད་དགོས།
1. ཐ་མག་འཐེན་ནས་ལོ་20ལྷག་ཙམ་སོང་བ། དེའི་ནང་ཐ་མག་འཐེན་ནས་ལོ་20
ལྷག་ཙམ་སོང་རྗེས་ཐ་མག་བཅད་ནས་ལོ་15ཕྱིན་མེད་པའི་མི་དག་ཚུད་ཡོད།
2. ཐ་མག་འཐེན་མཁན་དང་མཉམ་དུ་འཚོ་བ་སྐྱེལ་བའམ་མཉམ་དུ་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་བ།
3. དལ་གཤིས་གློ་འཚངས་ཀྱི་ནད་གཞི་ཡོད་མཁན།
4. ལས་རིགས་ཀྱི་རྐྱེན་པས་ལུས་པོར་ནད་དུག་དང་རྫས་འགྱུར་སོགས་ཀྱི་གནོད་
འཚེ་ཕོག་ནས་ཉུང་མཐར་ཡང་ལོ་གཅིག་སོང་བ།
5. ཕ་མ་བུ་ཕྲུག་དང་གཅེན་གཅུང་མིང་སྲིང་ལ་གློ་སྐྲན་གྱི་ནད་གཞི་ཡོད་མཁན།

ལོང་སྐྲན་དང་གཞང་སྐྲན་གྱི་བརྟག་དཔྱད་ཕྱོགས་སྟོན།
ལོ་40ནས་74བར་སླེབས་པའི་ཉེན་ཆེའི་མི་ཚོགས་དང་། གལ་ཏེ་ཁྱིམ་རྒྱུད་ལ་ལོང་སྐྲན་དང་གཞང་སྐྲན་གྱི་ནད་གཞི་ཅུང་ཚབས་ཆེན་པོ་ཡོད་མཁན་ཚོས། ལོང་སྐྲན་དང་གཞང་སྐྲན་གྱི་ནད་གཞི་ཕོག་ཡོད་མེད་ཐད་སྔ་ཙམ་ནས་ལོང་ཤེལ་བརྟག་དཔྱད་བྱེད་དགོས།
ལོང་ཤེལ་བརྟག་དཔྱད་བཟོད་བསྲན་མི་ཐུབ་པའམ་དང་ལེན་བྱེད་འདོད་མེད་མཁན་ཚོས། སྨན་པའི་མཛུབ་སྟོན་འོག་བཙོག་པར་ཁྲག་འདྲེས་ཡོད་མེད་ཞིབ་དཔྱད་ཚད་ལེན་དང་། གཉེ་མའི་ཤེལ། CTལོང་བརྙན་ནམ་བཙོག་པའི་DNAསོགས་ཚབ་བྱེད་རྣམ་པ་གང་རུང་སྤྱད་ནས་བརྟག་དཔྱད་བྱེད་དགོས། རྒྱུན་ལྡན་གྱི་གནས་ཚུལ་འོག ལོང་ཤེལ་ནི་སྤྱིར་བཏང་དུ་ལོ་5-10ནང་ཐེངས་1རེ་རྒྱག་དགོས་པ་དང་། བཙོག་པར་ཁྲག་འདྲེས་པ་ལོ་ལྟར་ཐེངས་རེ་འབྱུང་སྲིད། གལ་ཏེ་ལོང་ཤེལ་བརྒྱབ་ནས་རྨེན་སྐྲན་རང་བཞིན་གྱི་ཤ་ལུ་ཤེས་རྟོགས་བྱུང་ནས་གཏུབས་པ་ཡིན་ན། ད་དུང་ནད་ལུགས་ཀྱི་མཇུག་འབྲས་དང་སྨན་པའི་བསམ་འཆར་ལ་གཞིགས་ནས་ཡང་བསྐྱར་བརྟག་དཔྱད་བྱེད་དགོས།

ཕོ་བའི་འབྲས་སྐྲན་གྱི་བརྟག་དཔྱད་ཕྱོགས་སྟོན།
ཉེན་ཆེའི་མི་ཚོགས་ནི་ལོ་45དང་དེ་མན་ཡིན་པ་མ་ཟད། གཤམ་གསལ་གྱི་དོན་ཚན་གང་རུང་དང་མཐུན་པའི་མི་དག་གིས་ལོ་5རེར་ཕོ་ཤེལ་བརྟག་དཔྱད་ཐེངས་1བྱེད་དགོས།
1. ཕོ་སྐྲན་ཐོན་མང་བའི་ས་ཁུལ་དུ་འདུག་སྡོད་བྱེད་མཁན།
2. ཕ་མ་བུ་ཕྲུག་དང་གཅེན་གཅུང་མིང་སྲིང་ཁྲོད་ཕོ་སྐྲན་གྱི་ནད་རྒྱུད་ཡོད་མཁན།
3. གཅིན་རྒྱུ་དབུགས་འབྱིན་ཚོད་ལྟ་(UBT)དང་། དྭངས་ཁྲག་Hpའགོག་གཟུགས། བཤང་གཅི་HPགདོད་འགོག་བཤེར་འཇལ་གང་རུང་གདགས་གཤིས་ཡིན་པ།
4. ཐ་མག་འཐེན་པ་དང་། ཆང་རག་མང་པོ་འཐུང་བ། ཚྭ་མཐོ་བའི་བཟའ་བཏུང་དང་ བསྙལ་བཟོས་བཟའ་བཅའ་བསྟེན་པ་སོགས་འཚོ་བ་སྐྱེལ་སྟངས་དང་བཟའ་བཏུང་གོམས་གཤིས་ངན་པ།
5. ཕོ་རུབ་ཀྱི་ནད་དང་། བད་ཀན་སྨུག་པོ། ཕོ་བའི་ཤ་ལུ། ཕོ་བ་གཤགས་བཅོས་རྗེས་ཀྱི་ལྷག་རོ། རྔམས་མཐུག་རང་བཞིན་གྱི་ཕོ་ཚད། ཁྲག་ཞན་ངན་པ་སོགས་ཀྱི་ནད་གཞི་ཡོད་མཁན།

ནུ་མའི་འབྲས་སྐྲན་གྱི་བརྟག་དཔྱད་ཕྱོགས་སྟོན།
ཉེན་ཆེའི་མི་ཚོགས་ནི་ལོ་35ནས་64བར་གྱི་བུད་མེད་ཡིན་པ་མ་ཟད། གཤམ་གསལ་གྱི་དོན་ཚན་གང་རུང་དང་མཐུན་ན་ལོ་ལྟར་ནུ་རྨེན་འཆར་བརྙན་བརྟག་དཔྱད་ཐེངས་རེ་བྱེད་དགོས།
1. ཁྱིམ་རྒྱུད་ལ་ནུ་མའི་འབྲས་སྐྲན་དང་བསམ་སེའུ་འབྲས་སྐྲན་ཡོད་མཁན།
2. ལོ་12ལ་མ་སླེབས་གོང་ནས་ཟླ་མཚན་འབབ་པ་དང་། ལོ་55ཡོལ་ཡང་ཟླ་མཚན་མ་ཆད་མཁན།
3. ཕྲུ་གུ་མ་སྐྱེས་པ་དང་། ཕྲུ་གུ་སྐྱེ་ཕྱི་བ། ཕྲུ་གུར་ནུ་མ་མ་བསྣུན་མཁན།
4. ཡུན་རིང་ཕྱི་ཁུངས་རང་བཞིན་གྱི་མོ་གཤིས་སྐུལ་རྫས་སྤྱོད་མཁན།
5. ནུ་མའི་གཤེར་རྨེན་དཔེ་མཚོན་མིན་པའི་འཕར་སྐྱེ་ཡིན་པ།
6. ཟླ་མཚན་ཆད་རྗེས་ཤ་རྒྱགས་པ་ཆགས་པ།
7. དུས་ཡུན་རིང་པོར་ཆང་རག་ཚད་མེད་འཐུང་བ།

མདོར་ན། སྐྲན་ནད་རང་ངོས་ནི་འཇིགས་སུ་རུང་བའི་ནད་གཞི་ཞིག་ཡེ་ནས་མིན། འཇིགས་སྣང་སྐྱེ་དགོས་པ་ནི་ང་ཚོས་དུས་ཚོད་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་ནད་གཞི་དེ་ལ་གསང་བའི་སྒོ་ལྕགས་བརྒྱབ་ནས་ངོས་འཛིན་ཡང་དག་མ་བྱས་པར་རྒྱ་ཡན་དུ་བཏང་བའི་མཇུག་འབྲས་ངན་པ་དག་རེད། གཟུགས་གཞི་བདེ་ཞིང་ནད་མེད་ཚེ་རིང་དགོས་ན། མི་འདོད་ནད་ཀྱི་སྡུག་བསྔལ་གློ་བུར་མགོ་ཐོག་ཏུ་ལྷུངས་བར་སྒུག་ནས་མ་བསྡད་པར། ཁོམ་སྐབས་བཙལ་ནས་རང་འགུལ་ངང་སྨན་ཁང་དུ་བསྐྱོད་དེ་མི་ཚེའི་བདེ་སྐྱིད་དང་འབྲེལ་བའི་གཟུགས་པོའི་ཕྱི་ནང་མ་ལུས་ལ་བརྟག་དཔྱད་མཐར་ཕྱིན་པ་ཞིག་བྱེད་དགོས་པ་ནི་བྱ་དངོས་གང་ལས་ཀྱང་གལ་འགངས་ཆེའོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




