ཨ་རིའི་ཁེ་ལས་པས་ཀྲུང་གོའི་དཔལ་འབྱོར་ལ་རེ་སྒུག་ཆེན་པོ་བྱེད་པ།
ཐེ་རོན་ཕུའུ་དང་ལྷན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྲས་སུ་ད་དུང་ཨ་རིའི་ཁེ་ལས་པ་བཅུ་ལྷག་ཙམ་ཡོད་པ་དང་། འོ་ན་ཁེ་ལས་པ་ཁོང་རྣམ་པས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་རེ་བ་གང་འདྲ་འཆང་གི་ཡོད་དམ་ཞེ་ན།

དེ་ཡང་ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཏི་མུའུ་·ཁུའུ་ཁེ་ཡིས། ང་རང་ནས་ཀྲུང་གོའི་ཁྲོམ་ར་ནི་ཧ་ཅང་སྟོབས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ངས་ཀྲུང་གོའི་མི་དམངས་ཀྱིས་མི་ཐབས་རིག་ནུས་དང་ལག་རྩལ་གསར་པར་ཧ་ཅང་དགའ་པོ་བྱེད་པ་མ་ཟད། དེ་དག་དང་ལེན་བྱེད་པར་སྤྲོ་དད་ཆེ་བ་དང་། བྱ་དངོས་གསར་པ་དེ་དག་འབད་པས་དོན་དུ་གཉེར་བ་མཐོང་བྱུང་བས། ང་རང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་ཞེས་གསུངས་འདུག

དབྱིན་ཝི་ཏ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཧོང་རེན་ཞུན་གྱིས། ང་རང་ནས་ཀྲུང་གོ་ནི་འཛམ་གླིང་ཐོག་དཔལ་འབྱོར་མ་ལག་འགྲན་ཟླ་བྲལ་བའི་གྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་གསར་གཏོད་གྲུབ་འབྲས་ཤུགས་ཆེ་ཁར། དེ་དང་ཆབས་ཅིག་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྔོན་ཐོན་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཀྱང་རེད། དེའི་ཐད་ཀྲུང་གོས་ལས་ཀ་ཧ་ཅང་ཡག་པོ་བསྒྲུབས་འདུག་ཅེས་གསུངས་འདུག

ཀའོ་དབྱི་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅེ་མུའུ་·ཨན་ཏེ་སེན་གྱིས། ང་རང་ནས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་མདུན་ལྗོངས་ཧ་ཅང་ཡག་པོ་ཡོད་པ་དང་། གསོན་ཤུགས་རྒྱས་པའི་དཔལ་འབྱོར་དངོས་གཟུགས་ཤིག་ཡིན་པ་མ་ཟད། འབྱུང་འགྱུར་གྱི་མདུན་ལྗོངས་ཧ་ཅང་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཀའོ་ཧྲེང་ཚོགས་པའི་ལས་འཛིན་དཔོན་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་སུའུ་ཏེ་ཝེ་ཡིས། ཀྲུང་གོས་དམིགས་འབེན་ཁ་གསལ་ཞིང་མདུན་ལྗོངས་རླབས་ཆེ་བའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་བཟོས་ཡོད། ང་རང་ནས་རེས་སྐོར་གསར་པའི་ལོ་ལྔ་ཚན་གྱི་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་པ་དང་བསྟུན་ནས། ཀྲུང་གོར་གོང་འཕེལ་དེ་བས་ཆེ་བ་དང་དཔལ་འབྱོར་འཕར་སྣོན་དེ་བས་ཆེ་བ་ཡོང་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




