ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཕོ་བ་ནས་ཁྲག་དོན་པའི་ནད་རྐྱེན་དང་འགོག་ཐབས།

2026-05-15 15:12:00     责编:卓玛才让

གློ་བུར་ཐོལ་རྒྱག་ཏུ་ཕོ་བ་ནས་ཁྲག་དོན་པའི་ནད་གཞི་དེ་ལ་གསོ་རིག་ཐོག་འཇུ་ལམ་གོང་མ་ནས་ཁྲག་དོན་པ་ཟེར་ཞིང་། དེ་ནི་འཇུ་བྱེད་མ་ལག་གི་ཆེས་ཉེན་ཁ་ཆེ་བའི་ཐོལ་བྱུང་ནད་རིགས་ཤིག་ཡིན་ལ། ནད་གཞི་ཧོབ་སྟེ་ཐོན་པ་དང་། འཕེལ་རིམ་མགྱོགས་པ། ཉེན་ཁ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན། གལ་ཏེ་དུས་ཚོད་ཐུང་ངུའི་ནང་ཁྲག་མང་པོ་ཤོར་ན་དེའི་རྐྱེན་གྱིས་བརྒྱལ་བ་དང་ཐ་ན་འཆི་བའི་གནས་ཚུལ་འབྱུང་ངེས། ནད་གཞི་དེའི་རྒྱུན་མཐོང་གི་ནད་རྐྱེན་ལ་བད་ཀན་སྨུག་པོའི་ནད་དང་། མིད་པ་དང་ཕོ་ཞབས་ཀྱི་སྡོད་རྩའི་རྩ་རེངས་བརྡོལ་བ། མྱུར་གཤིས་ཕོ་བའི་འབྱར་སྐྱིའི་ནད་འགྱུར། ཕོ་སྐྲན་སོགས་ཡོད།

གློ་བུར་དུ་ཕོ་བ་ནས་ཁྲག་དོན་པའི་ནད་གཞིའི་རྟགས་མཚན།

འབྲེལ་ཡོད་སྨན་པས་ངོ་སྤྲོད་གནང་བར་གཞིགས་ན། འཇུ་ལམ་ནས་ཁྲག་དོན་པའི་གནས་ཚུལ་ཐོན་སྐབས། ཐོག་མའི་དུས་སུ་ནད་ཐོག་གི་ནད་རྟགས་མངོན་གསལ་དོད་པོ་མེད་ཅིང་། ནད་པར་ཆ་མཚོན་ན་ལུས་པོའི་ཤུགས་ཟད་པ་དང་། ངོ་མདོག་སྐྱ་བོར་གྱུར་བ། གསུས་སྟོད་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། གལ་ཏེ་ནད་གཞི་སྡུག་ཏུ་སོང་ན་མགོ་ཡུ་འཁོར་བ་དང་། སྙིང་འཕར་བ། སེམས་འཚབ་པ། རྔུལ་ཆུ་བཞུར་བ་སོགས་སྙིང་དང་ཀླད་པའི་ཁྲག་རྩའི་ཁྲག་མཁོ་འདོན་ཐད་ཀྱི་གནད་དོན་འབྱུང་སྲིད།

ཁྲག་སྐྱུག་པ་དང་བཙོག་པ་ནག་པོ་བབས་པ་ནི་འཇུ་ལམ་ནས་ཁྲག་དོན་པའི་ཆེས་དཔེ་མཚོན་གྱི་ནད་རྟགས་ཤིག་ཡིན་པས། གལ་ཏེ་ལུས་ཕུང་ལ་རྟགས་མཚན་འདི་འདྲ་བྱུང་ན་ལམ་སེང་སྨན་ཁང་དུ་བསྐྱོད་ནས་སྨན་བཅོས་བྱེད་དགོས།

གློ་བུར་དུ་ཕོ་བ་ནས་ཁྲག་དོན་པའི་ནད་གཞིའི་རྒྱུ་རྐྱེན།

■ ཚགས་སྒོ་དུང་འཁྱིལ་ནར་སྲིན།

ཚགས་སྒོ་དུང་འཁྱིལ་ནར་སྲིན་(幽门螺杆菌)གྱིས་ཕོ་བའི་འབྱར་སྐྱིའི་ཁྲག་མཁོ་འདོན་བྱེད་ཚད་ཉུང་དུ་གཏོང་བ་དང་། ཕོ་སྐྱུར་གྱི་རུལ་ནུས་ཇེ་ཆེར་བཏང་ནས་ཕོ་རྒྱུའི་ནད་རིགས་ཚབས་ཆེ་རུ་གཏོང་སྲིད།

■ ཐ་མག་དང་ཆང་རག

ཆང་བཅུད་ཀྱིས་ཐད་ཀར་ཕོ་བའི་འབྱར་སྐྱིར་གནོད་པ་བཟོ་བ་དང་། ཐ་མག་ནང་གི་གྲུབ་ཆ་ཁ་ཤས་ཀྱིས་ཕོ་བའི་འབྱར་སྐྱིའི་ནུས་པ་ཇེ་ཞན་དུ་བཏང་ནས་འཇུ་བྱེད་རང་བཞིན་གྱི་རལ་ཟགས་འབྱུང་སླ།

■ ཟས་སྤྱོད་ལུགས་དང་མི་མཐུན་པ།

ལྟོ་དུས་གསུམ་གྱི་དུས་ཚོད་གཏན་ཁེལ་མེད་པ་དང་། བཟའ་འཐུང་ཚོད་མེད་པ། མཚན་འཁྱོངས་གཏོང་བ། དཀའ་ལས་ཁག་དྲགས་པ་སོགས་ཀྱིས་ཕོ་སྐྱུར་གྱི་ཟགས་ཐོན་འཁྲུག་སྟེ་ཕོ་བའི་ཁུར་པོ་ལྕི་རུ་སོང་ནས་ཕོ་བའི་འབྱར་སྐྱི་སླར་གསོ་བྱེད་པར་གནོད་ཅིང་། ཕོ་བ་ནས་ཁྲག་དོན་པའི་ཉེན་ཁ་ཆེ་རུ་འགྲོ་ངེས།

■ སྨན་རྫས་ཀྱི་ཤུགས་རྐྱེན།

རྒྱུན་དུ་སྤྱོད་པའི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་སྨན་རྫས་འགའ་ཤས་ཏེ། དཔེར་ན། ཨ་སི་ཕི་ལིན་དང་ཧྭ་ཧྥ་ལིན་སོགས་ཀྱིས་ཁྲག་རྒྱུན་གྱི་ཁྲག་ཁེངས་ནུས་པ་ཇེ་ཞན་དུ་གཏོང་བ་དང་། ཕོ་བའི་ཁྲག་རྩ་ཕྲ་མོ་ལ་གནོད་སྐྱོན་བཏང་ནས་ཁྲག་དོན་སླ་པོ་ཡོད།

■ ནད་རིགས་གཞན་པའི་ཤུགས་རྐྱེན།

མཁལ་མའི་བྱེད་ནུས་མི་ཚང་བ་དང་། གཅིན་དུག་ཕོག་པའི་ནད་པ། རྒན་རྒོན་མི་ཚོགས་བཅས་ཀྱི་ཕོ་བའི་འབྱར་སྐྱི་ཉམས་གསོ་བྱེད་པའི་ནུས་པ་ཇེ་ཞན་དུ་སོང་ན་འཇུ་ལམ་ནས་ཁྲག་དོན་པའི་གནས་ཚུལ་ཐོན་སླ་པོ་ཡོད། གཅིན་པ་མངར་འགྱུར་གྱི་ནད་པའི་དབང་རྩའི་སྣེ་མོའི་ཚོར་བ་རྟུལ་པོ་ཡིན་ན་ཕོ་བ་སྨུག་པོར་འགྱུར་བའི་ནད་རྟགས་ཤེས་རྟོགས་དཀའ་བས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས།

གློ་བུར་དུ་ཕོ་བ་ནས་ཁྲག་དོན་པའི་ནད་གཞི་འགོག་ཐབས།

■ ཕོ་ཤེལ་བརྒྱབ་ནས་བརྟག་དཔྱད་བྱེད་དགོས།

འཇུ་ལམ་གྱི་ནད་གཞི་ནི་མི་མངོན་པའི་ཚུལ་དུ་གནས་པས་ཤེས་རྟོགས་དཀའ་བ་ཞིག་ཡིན། ནད་ཐོག་ལག་ལེན་ཁྲོད་ཐོག་མའི་དུས་ཀྱི་ཕོ་བའི་འབྲས་སྐྲན་དང་ཡང་ན་འཇུ་ལམ་གོང་མའི་རལ་ཟགས་སོགས་ཀྱིས་ཕོ་བ་ནས་ཁྲག་དོན་པའི་ནད་གཞི་ཕོག་སླ་བས། རྒྱུན་པར་ཕོ་ཤེལ་བརྒྱབ་ནས་ནད་གཞི་ངོས་འཛིན་བྱེད་དགོས། ལྷག་པར་དུ་ལོ་45ཡན་ལ་སླེབས་པའི་ཉེན་ཆེའི་མི་ཚོགས་ཀྱིས་དུས་བཀག་ལྟར་ཕོ་ཤེལ་བརྒྱབ་ནས་བརྟག་དཔྱད་བྱས་ཏེ་མི་མངོན་པའི་ནད་རིགས་སྔ་ཙམ་ཤེས་རྟགས་དང་སྔ་ཙམ་བཅོས་ཐབས་བྱེད་དགོས།

■ འབྱུང་འཕྲོད་བཟའ་བཏུང་བསྟེན་དགོས།

བཟའ་བཏུང་ཆོས་ཉིད་དང་མཐུན་པ་གང་ཞིག་ལུགས་མཐུན་ངང་སྡེབ་སྒྲིག་བྱེད་དགོས། ཁ་ཚ་ཞག་ཚི་ཅན་གྱི་ཟས་ཉུང་ཙམ་བསྟེན་དགོས་པ་དང་། བཟའ་བཏུང་གི་དྲོད་ཚད་ལ་དོ་སྣང་བྱེད་དགོས། ད་དུང་ལྟོ་དུས་རེར་ཟས་གྲོད་པ་རྒྱགས་ཚད་ཟ་རྒྱུ་མེད་ལ། དེ་བས་ཀྱང་བཟའ་བཏུང་ཚོད་མེད་བསྟེན་རྒྱུ་མེད།

■ འཚོ་བ་ཆོས་ཉིད་དང་མཐུན་དགོས།

ཆོས་ཉིད་ལྟར་ངལ་གསོ་རྒྱག་པ་དང་། གཉིད་འདང་ངེས་ཉལ་བ། སྦྱོང་བརྡར་འོས་འཚམ་བྱེད་པ། སེམས་ཁམས་སྙོམས་སྒྲིག་བྱེད་པ། ཐ་མག་གཅོད་པ་དང་ཆང་རག་ལ་ཚོད་འཛིན་བྱེད་པ་བཅས་བྱས་ན་ཕོ་བའི་རང་ངོས་སླར་གསོ་དང་རྒྱུན་གཏན་གྱི་ནུས་པར་ཕན་ཐོགས་ཡོད། །

མཇུག་ཏུ་དྲན་སྐུལ་ཞུ་རྒྱུར། གལ་སྲིད་གློ་བུར་དུ་ཕོ་བ་ནས་ཁྲག་དོན་པའི་གནས་ཚུལ་ཐོན་ཚེ། ལམ་སེང་120ལ་ཁ་པར་རྒྱག་དགོས་ཤིང་། དེ་དང་བསྟུན་ནས་ནད་པར་ལྟ་ཞིབ་ནན་ཏན་བྱེད་དགོས་པ་སྟེ། གལ་སྲིད་ནད་པའི་ཁ་ནས་ཁྲག་སྐྱུག་ན་བལྟོས་བཅས་ཀྱི་ཁོད་སྙོམས་ས་ཞིག་ལ་བཞག་ནས་གཡོན་ཕྱོགས་སུ་ཟུར་ཉལ་བྱེད་དུ་བཅུག་སྟེ་འཇུ་ལམ་གྱི་ཁྲག་ཁ་ནས་མ་དོན་པ་དང་འཇིབ་ནོར་མི་ཤོར་བ་བྱེད་དགོས། གལ་ཏེ་ནད་པ་ཁྲག་དཀོན་པའི་དབང་གིས་དབུགས་དང་སྙིང་གི་འཕར་མཚམས་གློ་བུར་དུ་ཆད་ན། དུས་ཐོག་ཏུ་དྲན་པ་གསོ་ཐབས་བྱེད་དགོས་སོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཕོ་བ་ནས་ཁྲག་དོན་པའི་ནད་རྐྱེན་དང་འགོག་ཐབས།

གློ་བུར་ཐོལ་རྒྱག་ཏུ་ཕོ་བ་ནས་ཁྲག་དོན་པའི་ནད་གཞི་དེ་ལ་གསོ་རིག་ཐོག་འཇུ་ལམ་གོང་མ་ནས་ཁྲག་དོན་པ་ཟེར་ཞིང་། དེ་ནི་འཇུ་བྱེད་མ་ལག་གི་ཆེས་ཉེན་ཁ་ཆེ་བའི་ཐོལ་བྱུང་ནད་རིགས་ཤིག་ཡིན་ལ། ནད་གཞི་ཧོབ་སྟེ་ཐོན་པ་དང་། འཕེལ་རིམ་མགྱོགས་པ། ཉེན་ཁ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།