ཞོགས་པ་མལ་ལས་ལངས་རྗེས་ཀྱི་ཟས་སྤྱོད་བླང་བྱ།
ཉིན་གཅིག་གི་འཆར་གཞི་ནི་སྔ་ཞོགས་ནས་འབད་པས་བསྒྲུབ་དགོས་ཟེར་བ་ལྟར། ཞོགས་པ་མལ་ལས་ལངས་རྗེས་ནི་རིན་ཆེན་གསེར་དང་མཚུངས་པའི་ལུས་སྲུང་གི་དུས་ཚོད་ཡག་ཤོས་ཤིག་ཡིན་པས། ཆུ་འཐུང་བ་དང་། གསང་སྤྱོད་དུ་འགྲོ་བ། ཞོགས་ཟས་ཟ་བ་སོགས་ཀྱི་བྱ་བ་འདི་དག་གོ་རིམ་བཞིན་ལེགས་པར་བསྒྲུབ་ན། ལུས་པོ་བདེ་ཞིང་ཐང་ལ་ཚེ་རིང་ནད་མེད་ཡོང་ཐུབ།

1. ཆུ་འཐུང་བ།
མི་མང་ཆེ་བར་ཞོགས་པ་མལ་ལས་ལངས་རྗེས་ཆུ་ཕོར་པ་གང་རེ་འཐུང་བའི་གོམས་གཤིས་ཡོད། ཨ་ཅང་ཅང་ཞོགས་པ་མལ་ལས་ལངས་རྗེས་ཆུ་དྲོ་འཇམ་ཧའོ་ཧྲེང་300འཐུང་ན་ཁྲག་འཁོར་རྒྱུག་བདེ་བ་དང་ཁྲག་རྡོག་ཆགས་པའི་ཉེན་ཁ་ཆུང་དུ་ཕྱིན་ནས་གྲིབ་ནད་སྔོན་འགོག་བྱེད་ཐུབ།
དྲན་སྐུལ་ཞུ་རྒྱུ་ཞིག་ལ། ཚྭ་ཆུ་དང་། སྦྲང་རྩིའི་ཆུ། སུའུ་ཏར་ཆུ།(苏打水)ཤིང་ཏོག་ཉིང་མེང་གི་གཤེར་ཁུ་བཅས་ལ་རང་རང་ལུས་ཁམས་ལ་མི་འཕྲོད་པའི་རྒྱུ་རྐྱེན་རེ་ལྡན་པས་གྲོད་པ་སྟོང་པར་ཆུ་དེ་དག་འཐུང་མི་ཉན།
2. གསང་སྤྱོད་དུ་འགྲོ་བ།
ཉིན་གཅིག་གི་དུས་ཚོད་ནང་སྐྱག་གཅིན་གཏོང་བའི་དུས་ཚོད་ཡག་ཤོས་གཉིས་ཡོད་དེ། གཅིག་ནི་ཞོགས་པ་ལངས་རྗེས་དང་། གཉིས་ནི་ཞོགས་ཟས་བཟས་རྗེས་ཡིན། ཞོགས་པ་ལངས་རྗེས་སྐྱག་གཅིན་བཏང་ན་དུག་རྒྱུ་བསྡུ་ལེན་ཇེ་ཉུང་དུ་འགྲོ་བ་དང་རྒྱུ་མའི་གཉན་ཚད་དང་རྒྱུ་སྐྲན་གྱི་ཉེན་ཁ་ཆུང་དུ་འགྲོ་སྲིད།
དོ་སྣང་བྱེད་དགོས་པ་ཞིག་ལ་སྐྱག་གཅིན་ཐེངས་རེ་གཏོང་བའི་དུས་ཚོད་སྐར་མ་10ལས་བརྒལ་མི་རུང་ལ་ཤུགས་ཆེན་པོ་རྒྱག་རྒྱུ་མེད། གལ་སྲིད་དེ་ལས་ལྡོག་ན་གཞང་འབྲུམ་ནད་འབྱུང་སླ་བ་ཡིན།

3. ཞོགས་ཟས་བཟའ་བ།
ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཞོགས་པའི་ཆུ་ཚོད་8པའི་སྔོན་ལ་ཞོགས་ཟས་དང་། དགོང་མོའི་ཆུ་ཚོད་8པའི་སྔོན་ལ་དགོང་ཟས་ཟོས་ན་སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་བྱེད་པའི་ནུས་པ་ལྡན། ཞོགས་པའི་ཆུ་ཚོད་9པའི་རྗེས་ལ་ཞོགས་ཟས་དང་། དགོང་མོའི་ཆུ་ཚོད་9པའི་རྗེས་ལ་དགོང་ཟས་ཟོས་ན་སྙིང་ཁམས་ཁྲག་རྩའི་ནད་སློང་བའི་ཉེན་ཁ་ཆེ།
གཞན་ལས་ཀར་འགྲོ་མཁན་དང་སློབ་གྲྭར་འགྲོ་མཁན་གྱི་མི་ཚོགས་ངོས་ནས་བརྗོད་ན། དུས་ཚོད་བྲེལ་ཟིང་ཆེ་བའི་དབང་གིས་ལྟོ་ཆས་དུས་ཐོག་ཏུ་རག་ཁག་པོ་ཡོད་པར་བརྟེན། ལྟོ་དུས་ཐད་ཆེད་ལས་མཁས་པས་གཤམ་གསལ་གྱི་གྲོས་འགོ་ཁག་བཏོན་འདུག
● ཞོགས་ཟས་ཆུ་ཚོད་7:00~8:00
● དགུང་ཟས་ཆུ་ཚོད་11:30~13:30
● དགོང་ཟས་ཆུ་ཚོད་17:00~19:00
4. མལ་ལས་ཧོབ་ལངས་བྱེད་མི་རུང་།
གཉིད་ལས་སད་མ་ཐག་མལ་ལས་ཧོབ་སྟེ་ལངས་ན་ཀླད་པར་ཁྲག་མི་འདང་བ་དང་གྲིབ་ནད་ཕོག་ནས་གློ་བུར་དུ་འཆི་བ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སྲིད་པས། གཉིད་ལས་སད་རྗེས་ཉལ་ཆས་ནང་མ་མཐར་ཡང་མིག་གདངས་ནས་སྐར་ཆ་30ཙམ་སྡོད་དགོས་པ་དང་། དེ་ནས་ཡར་ལངས་ནས་ཉལ་ཁྲིའི་ཟུར་དུ་སྐར་ཆ་30ཙམ་སྡོད་དགོས། དེ་ལྟར་བྱས་ཟིན་རྗེས་གཞི་ནས་ཡར་ལངས་ནས་ལུས་པོ་འགུལ་སྐྱོད་བྱས་ན་ཆོག

5. མལ་ལས་ལངས་རྗེས་བསྒྲུབ་དགོས་པ་གསུམ།
ཞོགས་པ་མལ་ལས་ལངས་རྗེས་ཆུ་སྐྲངས་ཐོན་པ་དང་། ངོ་མདངས་ཞན་པའི་སྣང་ཚུལ་ཐོན་སྲིད་པས། མལ་ལས་ལངས་རྗེས་དུས་ཚོད་སྐར་མ་10དམ་འཛིན་བྱས་ནས་བྱ་བ་འདི་གསུམ་ཡག་པོ་བསྒྲུབ་དགོས།
● ངོ་གདོང་འཕུར་དགོས།
ཞོགས་པ་ཡར་ལངས་རྗེས་ངོ་གདོང་ལ་འཕུར་མཉེད་བཏང་ན་རྣམ་རིག་དྭངས་བ་དང་། ཁྲག་གསོ་བ། རྩ་གཤོང་བ། སྐྱི་པགས་ལ་སྲུང་སྐྱོབ་ཐུབ་པ། རྒས་ཀ་སྲ་བ་བཅས་ལ་ཕན་ཐོགས་ཡོད་ལ། ད་དུང་ངོ་གདོང་གི་ཆུ་སྐྲངས་སངས་ཐུབ།
● རྣ་ཅོག་འཕུར་དགོས།
ཞོགས་པ་ཡར་ལངས་རྗེས་རྣ་ཅོག་ལ་འཕུར་མཉེད་བཏང་ན། དྲན་ཤེས་གསལ་དུ་འགྲོ་བ་དང་། ཁྲག་རླུང་འཁོར་སྐྱོད་ལ་སྐུལ་འདེད་ཐུབ་པ། ལུས་ཕུང་ཡོངས་ཀྱི་ཁྲག་གི་འཁོར་རྒྱུག་ལེགས་སུ་འགྲོ་བ་བཅས་ལ་ཕན་ཐོགས་ཡོད་ལ། ད་དུང་ཁྲག་ཤེད་མཐོ་བའི་ནད་པར་ཆ་མཚོན་ན། ཁྲག་རྩ་གཤོང་བ་དང་ཁྲག་ཤེད་དམའ་རུ་གཏོང་བའི་ཕན་ནུས་ལྡན།

● སྐྲ་ཤད་རྒྱག་དགོས།
ཉིན་རེར་སྐར་མ་ལྔ་རིང་སྐྲ་ཤད་བརྒྱབ་ན་གཉིད་ལ་ཕན་པ་དང་། རླུང་ཁྲག་གསོ་བ། དབང་རྩ་གྲིམ་འཁུམ་ཞི་ལྷོད་དུ་གཏོང་ཐུབ་པ་དང་། ད་དུང་མགོ་ལྤགས་ལ་ཕན་པ་མ་ཟད། སྐྲ་བུད་པ་ཡང་སྔོན་འགོག་བྱེད་ཐུབ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




