ཤིང་ཏོག་འདི་སྨན་བསྟེན་དུས་གཏན་ནས་མཆོད་རྒྱུ་མི་འདུག
ཤིང་ཏོག་ཞི་ཡིའུ་ཡིས་སྨན་སྣ་85ཡི་ཀྱི་སྨན་ནུས་ལྡབ་འགྱུར་གྱིས་ཆེ་རུ་འགྲོ་ཡི་ཡོད་པས། སྨན་བསྟེན་སྐབས་ཟ་མི་རུང་།
པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་སྨན་རྫས་རིག་པ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ལི་ཞའོ་ཞའོ་ཡིས། ཞི་ཡིའུ་བཟས་ན་སྨན་རྫས་སྤྱོད་པའི་བརྒྱུད་རིམ་ཁྲོད་ནད་པའི་ཁྲག་ནང་གི་སྨན་གྱི་གར་ཚད་ལྡབ་ཁ་ཤས་ཀྱིས་ཆེ་རུ་འགྲོ་བར་བརྟེན། སྨན་རྫས་ཁ་ཤས་བསྟེན་སྐབས་ཞི་ཡིའུ་ཟ་མི་རུང་ཞེས་བརྗོད་ཡོད།
ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ནད་པས་སྨན་བསྟེན་རྗེས། སྤྱིར་ན་སྨན་དེ་མཆིན་པའི་ནང་དུ་བརྗེ་ཚབ་བྱེད་དགོས། ཤིང་ཏོག་ཞི་ཡིའུ་ཡི་ནང་དུ་“ཧྥུ་རན་དྲི་ཞིམ་སྲན་རྒྱུ་”ཞེས་པའི་གྲུབ་ཆ་ཞིག་འདུས་ཡོད་པ་དེས་མཆིན་པའི་ནང་གི་CYP3A4རྩབས་རྒྱུའི་གྲུང་གཤིས་ཚོད་འཛིན་བྱེད་ཀྱི་ཡོད། ང་ཚོས་དུས་རྒྱུན་བསྟེན་པའི་སྨན་མང་པོ་ཞིག་ནི་ཏག་ཏག་རྩབས་རྒྱུ་དེར་བརྟེན་ནས་བརྗེ་ཚབ་དབྱེ་ཕྲལ་བྱེད་དགོས་པས། རྩབས་རྒྱུ་ཚོད་འཛིན་བྱས་རྗེས་སྨན་རྫས་རྒྱུན་ལྡན་ལྟར་འཇུ་མི་ཐུབ་པར་ཁྲག་གི་ནང་དུ་གསོག་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་ཡོད། དེ་ཡང་ཚད་ལས་བརྒལ་བའི་ཐོག་ནས་སྨན་བསྟེན་པ་དང་གཅིག་མཚུངས་ཡིན་པས། ཞོར་སྐྱོན་གྱི་ཉེན་ཁ་རང་བཞིན་གྱིས་ཇེ་ཆེར་འགྲོ་བ་རེད།
དཔེར་ན། ཉིན་ལྟར་ཁྲག་ཤེད་གཅོག་པའི་སྨན་བསྟེན་མཁན་ཞིག་གིས་ཞི་ཡིའུ་བཟས་ན་ཁྲག་ཤེད་གཅོག་པའི་སྨན་ཚད་ཇེ་མང་དུ་འགྲོ་བས། ཁྲག་ཤེད་དམའ་དྲགས་པ་འབྱུང་སླ་ཞིང་། ནད་རྟགས་ཡང་ན་མགོ་ཡུ་འཁོར་བ་དང་། སེམས་འཚབ་པ། ཤུགས་ཉམས་པ་སོགས་འབྱུང་བ་དང་། ཚབས་ཆེ་ན་དྲན་པ་ཐོར་བ་དང་ཐ་ན་དྲན་མེད་དུ་བརྒྱལ་བ་སོགས་འབྱུང་སྲིད། དེས་ན། ཁྲག་ཤེད་གཅོག་པའི་སྨན་མང་པོ་ཞིག་གི་གསལ་བཤད་ཡི་གེའི་ནང་སྨན་བསྟེན་པའི་སྐབས་སུ་ཞི་ཡིའུ་ཟ་མི་རུང་བའམ་ཡང་ན་ཞི་ཡིའུ་ཡི་ཁུ་བ་འཐུང་མི་རུང་ཞེས་འཁོད་ཡོད། ཞི་ཡིའུ་ཡི་ཤུགས་རྐྱེན་ཐེབས་པའི་སྨན་ནི་ཁྲག་ཤེད་གཅོག་པའི་སྨན་ཁོ་ན་ཙམ་མ་ཡིན་པར། རྒྱུན་མཐོང་གི་དུག་སྲིན་འགོག་སྨན་དང་ཟུག་འཇོམས་སྨན། ད་དུང་དམིགས་བསལ་གྱི་ནད་པས་བསྟེན་དགོས་པའི་གཉིད་སྨན་དང་འབྲས་སྐྲན་འགོག་པའི་སྨན་སོགས་ཀྱང་ཡོད་དེ། མིག་སྔར་ཉུང་མཐར་ཡང་སྨན་རྫས་རིགས་85ལ་ཞི་ཡིའུ་ཡིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། དེའི་ནང་གི་ཕྱེད་ཀ་ཙམ་ལ་སྨན་ལོག་ཚབས་ཆེན་ཐེབས་སྲིད།
དོ་སྣང་བྱེད་དགོས་པ་ཞིག་ལ། སྨན་འདི་དག་ཚང་མའི་མིང་འདི་གར་འགོད་ཐབས་བྲལ་བས། བརྟན་ཤོས་ནི་སྨན་གང་རུང་ཞིག་བསྟེན་སྐབས་དུས་ཡུན་ཐུང་ངུའི་ནང་དུ་ཤིང་ཏོག་ཞི་ཡིའུ་ཟ་བར་འཛེམ་དགོས།
སྨན་པས་གསལ་འདེབས་བྱས་པ་ལྟར་ན། ནད་པས་སྨན་གྱི་གསལ་བཤད་ཡི་གེར་དོ་སྣང་བྱེད་དགོས་ཏེ། གལ་ཏེ་གསལ་བཤད་ཡི་གེའི་ནང་དུ་སྨན་རྫས་འདི་རྩབས་རྒྱུ་3A4ཡིས་བརྗེ་ཚབ་བྱེད་ཀྱི་ཡོད་པ་གསལ་པོར་བཤད་ཡོད་ན། སྨན་བསྟེན་པའི་སྐབས་སུ་ཞི་ཡིའུ་ཡི་ཁུ་བ་གཏན་ནས་འཐུང་མི་རུང་། གལ་ཏེ་ཡིད་གཟབ་མ་བྱས་པར་ཞི་ཡིའུ་བཟས་པའམ་ཞི་ཡིའུ་ཡི་ཁུ་བ་བཏུངས་ཚེ། ཆུ་ཚོད་དྲུག་གི་རྗེས་སུ་ད་གཟོད་སྨན་བསྟེན་དགོས།

འོ་ན། སྨན་བཏུངས་རྗེས་ནམ་ཞིག་ལ་ཞི་ཡིའུ་ཟ་ཆོག་གམ།
ཚིག་གིས་ཚིག་དེད་དེ་མང་པོ་ཞིག་ཞུས་ཟིན་ཡང་། ད་དུང་སྨན་བསྟེན་རྗེས་དུས་ཡུན་ཆུ་ཚོད་ཁ་ཤས་བཞག་ནས་ཞི་ཡིའུ་ཟ་ན་འགྲིག་གམ་ཞེས་དོགས་འདྲི་བྱེད་མཁན་ཡོད་སྲིད།
སྨན་བསྟེན་ནས་ཆུ་ཚོད་ཁ་ཤས་འགོར་རྗེས་ཞི་ཡིའུ་བཟས་ན་ཆོག་གམ།
ཆུ་ཚོད་ཁ་ཤས་འགོར་རྗེས་བཟས་ན་མི་མངོན་པའི་ཉེན་ཁ་ཆུང་དུ་འགྲོ་མི་སྲིད་དེ། ཚད་ལྡན་ཡིག་ཆ་ལས་མངོན་པ་ལྟར་ན། ཞི་ཡིའུ་བཟས་པའམ་ཞི་ཡིའུ་ཡི་ཁུ་བ་བཏུངས་རྗེས། རྩབས་རྒྱུའི་གྲུང་གཤིས་ཆུ་ཚོད་72འགོར་རྗེས་ད་གཟོད་སླར་གསོ་བྱེད་ཐུབ། དེར་བརྟེན། སྨན་བསྟེན་པའི་སྐབས་སུ་ཞི་ཡིའུ་ཟ་མི་རུང་བ་མ་ཟད། གལ་ཏེ་ཞི་ཡིའུ་ཡིས་ཁྱེད་རང་ནས་བསྟེན་བཞིན་པའི་སྨན་ལ་ཤུགས་རྐྱེན་ཐེབས་ན། སྨན་བསྟེན་པའི་དུས་ཡུན་ཧྲིལ་པོར་ཞི་ཡིའུ་ཟ་མི་རུང་། གལ་སྲིད་ཤིན་ཏུ་ཟ་འདོད་ན་ཉིན་གསུམ་ཡན་འགོར་རྗེས་ཟ་ན་ལེགས།
ཞི་ཡིའུ་མི་ཟ་བར་སྤྱིར་བཏང་གི་ཡིའུ་ཙིའི་རིགས་བཟས་ན་ཆོག་གམ།
ཡག་ཤོས་བྱུང་ན་ཟ་མི་རུང་། ཚ་ལུ་མ་དང་ཤིང་ཏོག་ཉིང་མོང་། ཡིའུ་ཙི་སོགས་ཚ་ལུ་མའི་རིགས་ཀྱི་ཤིང་ཏོག་ཚང་མར་ཧྥུ་རན་དྲི་ཞིམ་སྲན་རྒྱུ་ལྡན་ཡོད། འོན་ཀྱང་ཤིང་ཏོག་དེ་རིགས་ནང་གི་འདུས་ཚད་ནི་ཞི་ཡིའུ་ལས་དམའ་བས། ཉེན་ཁའི་རང་བཞིན་ཡང་ལྟོས་བཅས་ཀྱིས་ཆུང་བ་ཡོད། སྣ་རིགས་མི་འདྲ་བའི་ཤིང་ཏོག་གི་ཧྥུ་རན་དྲི་ཞིམ་སྲན་རྒྱུའི་འདུས་ཚད་ལ་ཡང་ཧེ་བག་ཆེན་པོ་ཡོད་ཅིང་། རྒྱུན་གཏན་འཚོ་བའི་ཁྲོད་འདུས་ཚད་མགྱོགས་མྱུར་ངང་ཤེས་ཐབས་བྲལ་བས། སྨན་བསྟེན་པའི་སྐབས་སུ་ཤིང་ཏོག་དེ་རིགས་གང་ཐུབ་ཀྱིས་ཉུང་ཙམ་ཟ་བའམ་ཡང་ན་མཚམས་དེར་ཟ་མི་རུང་།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




