སྔས་མགོ་མཐོ་དྲགས་ན་ཀླད་པའི་ཁྲག་རྩར་གནོད་སྲིད།
མི་འགའ་ཤས་གཉིད་ལས་སད་རྗེས་ལུས་ཁམས་བདེ་ཞིང་རྣམ་རིག་དྭངས་བ་དང་མི་ལ་ལ་གཉིད་ལས་སད་མ་ཐག་ལུས་པོ་ཡོངས་ཨ་ཐང་ཆད་ནས་ཤུགས་མེད་པ་ཆགས་ཀྱི་ཡོད། དེ་འདྲའི་ཁྱད་པར་ནི་ལུས་ཕུང་གི་གནས་ཚུལ་ཡིན་པ་ཕུད། གཉིད་ཉལ་དུས་ཀྱི་སྔས་མགོའི་མཐོ་ཚད་དང་འབྲེལ་བ་ཡོད་པ་ཞིག་རེད།

དབྱིན་ཇིའི་《ཡོ་རོབ་གླིང་གི་གཟའ་གྲིབ་དུས་དེབ》སྟེང་བཀོད་པའི་ཞིབ་འཇུག་རྩོམ་ཡིག་ནང་། སྔས་མགོ་མཐོ་དྲགས་ན་སྒལ་ཚིགས་འཕར་རྩའི་བར་འཚང་སློང་སྲིད་པ་དེ་ནི་ཀླད་པའི་གཟའ་གྲིབ་ཕོག་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པ་བསྟན།
སྔས་མགོ་མཐོ་དྲགས་ན་ཀླད་པའི་ཁྲག་རྩར་གནོད་སྲིད།
སྒལ་ཚིགས་འཕར་རྩ་ནི་ང་ཚོའི་མཇིང་པའི་མཐིལ་དང་མཇིང་ཚིགས་གཡས་གཡོན་གྱི་འཕྲེད་འབུར་ཁུང་བུའི་ནང་དུ་གནས་ཤིང་། ལྟག་ཁུང་དང་ཀླད་གཞུང་། ཀླད་སྙིང་བཅས་ལ་ཁྲག་མཁོ་འདོན་བྱེད་པའི་ལས་འགན་ཁུར་གྱི་ཡོད།
མཇིང་པ་བརྐྱང་བསྐུམ་བྱས་དྲགས་པའམ་ཡང་ན་འཕུར་མཉེད་ལུགས་མཐུན་མ་བྱུང་ཚེ། སྒལ་ཚིགས་ཀྱི་འཕར་རྩ་ཚུར་འཐེན་དང་བཙིར་གནོན་ཆེ་དྲགས་པའི་དབང་གིས་ཁྲག་རྩའི་ནང་སྐྱི་རལ་གྱི་ཡོད།དེ་རྗེས་ཁྲག་རྒྱུན་རྩ་སྦུག་གི་ངོས་སུ་སིམས་ནས་“བར་འཚང་”ཆགས་ཏེ་ཁྲག་རྩ་གུ་དོག་པོར་གྱུར་བའམ་ཁ་ཟུམ་གྱི་ཡོད་ལ། ད་དུང་ཁྲག་དབལ་འབྱུང་སྲིད།

སྒལ་ཚིགས་འཕར་རྩའི་བར་འཚང་གི་ཉེན་ཁ་གཙོ་བོ་ནི་ཁྲག་གྲིབ་ཕོག་པ་མ་ཟད། ལྷག་པར་དུ་ཀླད་གཞུང་ཁྲག་གྲིབ་ཀྱང་ཕོག་གི་ཡོད། གྲིབ་སྐྱོན་འདིའི་རིགས་ཀྱིས་དབང་རྩའི་བྱེད་ལས་ལ་ཡུན་རིང་གཏོར་སྐྱོན་བཏང་སྟེ་གཞོགས་ཕྱེད་ཞ་བ་དང་། ངག་ལྐུགས་པ། ཐ་ན་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད།
གཞན་ཡང་ནད་པ་ཁ་ཤས་ཀྱི་བར་འཚང་གིས་ད་དུང་འཕར་རྩའི་སྐྲན་ཆགས་པའམ་ཡང་ན་ཁྲག་རྩ་བརྡོལ་ནས་བཅོས་ཐབས་གང་དྲག་བྱས་ཀྱང་ཚད་གཞི་མི་འདྲ་བའི་ནད་གཞུག་ལུས་ཀྱི་ཡོད།
ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཉལ་དུས་སྔས་མགོ་མཐོ་དྲགས་ན་མཇིང་པ་འཁྱོག་ཚད་ཅུང་ཆེ་བ་དང་། ལུས་པོ་ཨ་སློག་རྒྱག་པར་མཇིང་པ་འགུལ་སྐྱོད་བྱེད་དགོས་སྟབས་ཁྲག་རྩ་ལ་སྐྱོན་ཤོར་སླ་བ་དང་། རང་འཕེལ་རང་བཞིན་གྱི་སྒལ་ཚིགས་འཕར་རྩའི་བར་འཚང་སློང་ནས་ཀླད་པའི་གཟའ་གྲིབ་ཕོག་ཉེན་ཆེ།

སྔས་མགོ་མཐོ་པོ་རྒྱག་དགོས་ན་སྙིང་ནུས་ལ་དོགས་ཟོན་བྱོས།
ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཤིས་ཡོན་སྨན་ཁང་དྲག་སྐྱེད་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ཤའོ་ཅིང་གིས། གལ་ཏེ་སྙིང་ཁམས་ཁྲག་རྩའི་ནད་པ་དང་། ལྷག་པར་དུ་རྒན་རྒོན་གྱིས་དགོང་མོ་ཉལ་དུས་ངེས་པར་དུ་སྔས་མགོ་མཐོ་པོ་རྒྱག་དགོས་པ་དང་། ཐ་ན་ལུས་སྟོད་ཙོག་ཙོག་བྱས་ནས་བསྡད་ན་མ་གཏོགས་གཉིད་ཁུག་མི་ཐུབ་པའམ་ཡང་ན་དབུགས་གཏོང་བདེ་པོ་མེད་ན། སྙིང་ནུས་ཉམས་ཡོད་མེད་ལ་དོགས་ཟོན་བྱེད་དགོས། གང་ཡིན་ཟེར་ན། དེ་ནི་གསོ་རིག་ཐོག་སྙིང་ནུས་ཉམས་པའི་དཔེ་མཚོན་ཅན་གྱི་བརྡ་རྟགས་ཤིག་རེད།
སྙིང་ནུས་ཉམས་ཚེ་སྙིང་ཤའི་འཁུམ་ནུས་ཆག་ནས་ཁྲག་འཐེན་ནུས་པ་ཆུང་དུ་ཕྱིན་ཏེ་ཁྲག་རྒྱུན་གློ་བར་ཕུང་གསོག་ཐེབས་ནས་བྲང་ཁོག་མི་བདེ་བ་དང་དབུགས་གཏོང་དཀའ་བའི་ཚོར་སྣང་ཡོང་གི་ཡོད་ལ། གཞན་ད་དུང་ཐང་ཆད་པ་དང་། རྐང་ངར་སྐྲངས་པ། ཟས་ཀྱི་དང་ག་ཉམས་པ། གྲོད་ཁོག་སྦོས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

ལུས་པོའི་བདེ་ཐང་ལ་འཕྲོད་པའི་སྔས་མགོ་སྤྱོད་དགོས།
ཡང་སྙིང་སྔས་མགོ་གང་ཞིག་བེད་སྤྱོད་བྱས་ན་ཁྲག་རྩ་དང་། དབང་རྩ། མཇིང་ཚིགས་བཅས་ལ་ཕན་ཐོགས་ཡོད་དམ་ཞེ་ན། ཆེད་ལས་མཁས་པས་གཙོ་གནད་ཁག་ཅིག་ཕྱོགས་བསྡོམས་གནང་བ་གཤམ་གསལ་ལྟར་རེད།
① སྔས་མགོའི་མཐོ་ཚད།
སྔས་མགོ་འོས་འཚམ་གྱིས་མཇིང་ཚིགས་ཀྱི་རྒྱུན་ལྡན་སྐྱེ་ལུགས་གུག་ཚད་རྒྱུན་འཁྱོངས་ཐུབ་པ་དང་། སྔས་མགོ་མཐོ་དྲགས་ན་མཇིང་ཚིགས་ཀྱི་སྐྱེ་ལུགས་གུག་ཚད་འདྲོང་པོར་གྱུར་ཀྱི་ཡོད། སྔས་མགོ་དམའ་དྲགས་ན་མཇིང་ཚིགས་ལྡོག་གུག་ཡོང་གི་ཡོད།
མ་གཞི་སྔས་མགོའི་མཐོ་ཚད་དེ་རང་ཉིད་ཀྱི་ནམ་རྒྱུན་གྱི་ཉལ་སྟངས་ལྟར་གདམ་ཀ་བྱས་ན་ཆོག འོན་ཀྱང་སྤྱིའི་རྩ་དོན་ནི་མཇིང་ཚིགས་དང་། བྲང་ཚིགས། རྐེད་ཚིགས་བཅས་དྲང་ཐིག་གཅིག་ཏུ་གནས་པ་བྱེད་དགོས།
■གལ་ཏེ་ལུས་པོ་གན་རྐྱལ་དུ་འདྲོང་པོར་ཉལ་བའི་གོམས་གཤིས་ཡོད་ན། སྔས་མགོའི་མཐོ་ཚད་ཧ་ལམ་ཁུ་ཚུར་གཅིག་ཟིན་པ་དགོས།
■ གལ་ཏེ་ཟུར་ལོགས་ནས་ཉལ་བའི་གོམས་གཤིས་ཡོད་ན། སྔས་མགོའི་མཐོ་ཚད་རང་གི་ལུས་པོའི་གཞོགས་གཅིག་གི་དཔུང་ཞེང་ཟིན་པ་དགོས།
■ཕོ་བའི་ནང་གི་ཟས་དང་ཕོ་སྐྱུར་སོགས་མིད་པའི་ནང་ལྡོག་རྒྱུག་བྱེད་མཁན་ནད་པའི་ངོས་ནས་ཆ་བཞག་ན་དམིགས་བསལ་ཡིན་ཏེ། སྔས་མགོའི་མཐོ་ཚད་ལི་སྨི་15-20ཟིན་པ་བྱེད་དགོས་པ་དང་། ཉལ་དུས་མགོ་བོ་བྲང་ཁ་ལས་མཐོ་བ་ཡོད་པ་བྱས་ཏེ་ཕོ་སྐྱུར་ལྡོག་རྒྱུག་སྔོན་འགོག་བྱེད་དགོས།

② སྔས་མགོའི་འབོལ་ཚད།
སྔས་མགོ་མཁྲེགས་དྲགས་ན་མཇིང་པའི་ཤ་གནད་ལ་གནོན་ཤུགས་ཆེན་པོ་སྤྲད་ནས་ཤ་གནད་རེངས་པོར་འགྱུར་བའམ་ཡང་ན་ཤ་གནད་ལ་རྨས་སྐྱོན་གཏོང་སྲིད། སྔས་མགོ་འབོལ་དྲགས་ན་སྒལ་ཚིགས་ཀྱི་རྒྱུན་ལྡན་སྐྱེ་ལུགས་གུག་ཚད་རྒྱུན་འཁྱོངས་མི་ཐུབ་ལ། ཡུན་རིང་སོང་ན་མཇིང་ཚིགས་མི་བདེ་བ་དང་ཡང་ན་མཇིང་ཚིགས་ན་ནས་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད། དེས་ན་མཁྲེགས་མ་དྲགས་ལ་འབོལ་ཡང་མ་དྲགས་པའི་སྔས་མགོ་ཚད་རན་པ་བེད་སྤྱོད་སྤྱད་ན། ད་གཟོད་མགོ་དང་མཇིང་པར་འོས་འཚམ་གྱི་འདེགས་སྐྱོར་མཁོ་འདོན་ཐུབ་ནས་མཇིང་པ་ལྷོད་ཤིག་ཤིག་ཡོང་ཐུབ།
③ སྔས་མགོའི་བཟོ་ལྟ།
■ལེབ་སྙོམས་ཅན་གྱི་སྔས་མགོ་ནི་ནམ་རྒྱུན་ཁྱིམ་དུ་མཐོང་མང་ཞིང་། དེས་མཇིང་པ་བར་སྣང་དུ་དཔྱང་སྲིད།
■སྲོལ་རྒྱུན་གྱི་ཀྲུང་ལུགས་སྔས་མགོས་མགོ་བོ་བཀྱགས་པ་མཐོ་དྲགས་ནས་མཇིང་པ་མདུན་དུ་ཡོ་སྲིད་པས་བེད་སྤྱོད་མ་བྱས་ན་བཟང་།
■རྟ་རྨིག་རྣམ་པའི་སྔས་མགོ་སྟེ་དཀྱིལ་དམའ་བ་དང་སྣེ་གཉིས་མཐོ་བའི་སྔས་མགོ་ནི་བདེ་ཞིང་སྐྱིད་ལ་མཇིང་པའི་འཁྱོག་ཐིག་དང་ཧ་ཅང་འཚམ་པོ་ཡོད་པས་སྔས་མགོ་དེ་འདྲའི་རིགས་བེད་སྤྱོད་བྱས་ན་ལེགས།
མདོར་ན་སྔས་མགོ་གང་ཞིག་བདམས་རུང་སྔས་མགོ་ནི་ཉལ་དུས་མགོ་འཇོག་ས་ཙམ་མ་ཡིན་པར་མཇིང་པ་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་ཐུབ་པ་ཞིག་དགོས་པ་ནི་ལྟེ་བའི་རྩ་དོན་ཡིན་ལ། སྔས་མགོ་གང་ཞིག་འཚམ་པ་དང་ཡག་པ་ཡོད་མིན་ནི་ཞོགས་པ་ལངས་དུས་ལུས་པོའི་མགོ་དང་མཇིང་པའི་བདེ་སྡུག་ནས་ཤེས་རྟོགས་ཐུབ་ངེས་ཡིན་པས། དེ་ལ་མཉམ་འཇོག་བྱེད་དགོས། གཞན་ཡང་སྔས་མགོའི་ཞེང་ཚད་ཆུང་དྲགས་རྒྱུ་མེད་ཅིང་། མ་མཐར་ཡང་དཔུང་པ་དང་མཉམ་པ་གང་ཞིག་སྤྱིར་ན་ལི་སྨི་30ལས་མི་ཆུང་བ་དགོས།

དོ་སྣང་བྱེད་དགོས་པ་ཞིག་ལ་སྔས་མགོ་ལའང་ཚེ་ཚད་ཡོད་དེ། བེད་སྤྱོད་བྱས་ནས་ལོ་3ཕྱིན་པའི་སྔས་མགོ་ནི་ལྡེམ་ཤུགས་ཞན་ལ་བཟོ་དབྱིབས་འགྱུར་སླ་བས། མིའི་ལུས་པོའི་རྒྱུན་ལྡན་གྱི་སྐྱེ་ལུགས་གུག་ཚད་འདེགས་སྐྱོར་བྱེད་དཀའ་བ་ཡིན། དེས་མ་ཚད་སྔས་མགོ་ཡུན་རིང་བེད་སྤྱོད་བྱས་ན་དེའི་སྟེང་དུ་རྔུལ་ཆུ་དང་། མགོ་བོའི་ཞག་ཚི། སྐོགས་སྐྱི། འབུ་ཕྲ། གཡན་འབུ། ཐལ་རྡུལ་སོགས་འབོར་ཆེན་འགོས་ཡོད་པས་དབུགས་ལམ་གྱི་ནད་དང་པགས་ནད་འབྱུང་སྲིད། དེས་ན་སྔས་མགོ་ལ་གཙང་སྦྲ་ཡག་པོ་བྱེད་དགོས་ཤིང་། བཟོ་དབྱིབས་འགྱུར་བ་དང་དྲི་ངན་ཁ་བའི་སྔས་མགོ་རྙིང་པ་ཕངས་སེམས་མེད་པར་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




