ཧན་ཐན་ནད་དུག་གི་རིམས་ནད་ལ་ཁ་གཏད་གཅོག་བཞིན་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཁེ་ལི་སི་ཏི་ཨན་·ལིན་ཏེ་མེར་གྱིས་ཚེས་8ཉིན། ཧན་ཐན་ནད་དུག་གི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་དེ་《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གཞིར་བཟུང་སྤེལ་འགོ་ཚུགས་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཧྥོ་ཏི་ཅའོ་དང་སི་ཕེན། ཧོ་ལན། ལྷོ་ཨ་ཧྥེ་རི་ཁ། དབྱིན་ཇི། ཨ་ཀེན་ཐིན་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཡོ་རོབ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་དང་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
ལིན་ཏེ་མེར་གྱིས། ནད་རྟགས་མི་མངོན་པའི་འགོས་ནད་ཕོག་མཁན་དང་འབྲེལ་གཏུག་བྱེད་མྱོང་བའི་མིར་རྗེས་འདེད་གཏོང་བའི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད། ང་ཚོས་མི་ཚང་མར་རྗེས་འདེད་གཏོང་བཞིན་ཡོད། ང་ཚོས་གནམ་གྲུ་དང་གྲུ་གཟིངས་ཀྱི་སྡོད་གནས་ཨང་ཀི་འཚོལ་བཞིན་ཡོད། ཐ་ན་མི་ཁག་གཅིག་གི་འགྲོ་འོང་ལ་རྗེས་འདེད་ཞིབ་ཚགས་བཏང་ནས། ཁོང་ཚོ་གང་དུ་སོང་བའམ་ཡང་ན་མི་སུ་དང་འབྲེལ་གཏུག་དམ་ཟབ་བྱེད་མྱོང་ཡོད་པར་ལྟ་སྲིད་ཅེས་བརྗོད་པ་རེད།
ལིན་ཏེ་མེར་གྱིས། ཧན་ཐན་ནད་དུག་ཤེས་རྟོགས་བྱུང་ནས་ད་བར་ལོ་30ཙམ་ཕྱིན་ཟིན་པ་དང་། གོ་ལ་ཧྲིལ་པོར་ལོ་ལྟར་ནད་པ་2000ཙམ་ཡོད་ཅིང་། ནད་ཕོག་ཚད་ཧ་ཅང་དམའ་པོ་ཡིན། ཧན་ཐན་ནད་དུག་གི་འགོས་ནད་རང་བཞིན་ཆེན་པོ་མེད་པས། མི་དང་མིའི་བར་དུ་ལས་སླ་པོར་མཆེད་མི་སྲིད། ད་ཐེངས་ཀྱི་རིམས་ནད་ཁྲོད་འགོས་ནད་ཕོག་པའི་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་མྱོང་བའི་མི་ཁག་གཅིག་གི་ནད་དུག་བརྟག་དཔྱད་བྱས་འབྲས་ཚང་མ་སྲིབ་གཤིས་ཡིན་པ་དེའི་ཐོག་ནས་ཧན་ཐན་ནད་དུག་གིས་མི་ཚོགས་དཀྱུས་མར་ཉེན་ཁ་ཧ་ཅང་ཆུང་བ་གསལ་བཤད་ཐུབ་ཀྱི་ཡོད། ངས་ཡང་བསྐྱར་ནན་བཤད་བྱེད་དགོས་པ་ཞིག་ནི། གྲུ་ཚང་གཅིག་ནང་བསྡད་པའི་མི་དེ་དག་ལ་ཆ་བཞག་ནའང་། སྐབས་རེ་དུས་གཅིག་ཏུ་ནད་དུག་ཕོག་པའི་ངེས་པའང་མེད་ཅེས་བརྗོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




