ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཁྲག་གར་པོ་ཡིན་པའི་བརྡ་རྟགས་ཁག་ལྔ།

2026-05-11 09:43:00     责编:卓玛才让

གཞུང་ལམ་སྟེང་དུ་རླངས་འཁོར་དང་མི་ཚོགས་མང་ན་འགྲོ་སྐྱོད་ཁག་ཅིང་ལམ་ཁ་འགག་སྲིད་པ་ལྟར། མིའི་ལུས་པོའི་ཁྲག་གར་པོ་ཡིན་ན་ཁྲག་རྒྱུན་གྱི་མྱུར་ཚད་དལ་དུ་ཕྱིན་ནས་ལུས་ཕུང་གི་ཆ་ཤས་གང་རུང་དང་དོན་སྣོད་གཙོ་བོར་ཁྲག་འཁོར་རྒྱུག་མི་ཐུབ་པར་ཁྲག་དང་གསོ་རླུང་དཀོན་པའི་གནད་དོན་འབྱུང་སྲིད།

ཁྲག་གར་པོ་ཇི་ལྟར་ཆགས་པའི་རྒྱུ་རྐྱེན།

ཀྲུང་གོ་གསོ་རིག་ཚན་རིག་སློབ་ཆེན་མཁའ་འགྲུལ་སྤྱི་ཁྱབ་སྨན་ཁང་གི་སེམས་ནད་ཚན་ཁག་གཉིས་པའི་འབུམ་རམས་སྨན་པ་ལིའུ་ཧྥང་གིས། ཁྲག་གར་པོ་ཆགས་ཚུལ་དེ་ཆུ་ཡི་གཤེར་ཁུར་དཔེ་བཞག་ནས་འགྲེལ་བརྗོད་གནང་བ་སྟེ། དངོས་རིགས་མང་པོ་བཞུར་བའི་ཆུ་ཕོར་པ་གང་ལ་མཚོན་ན། དེའི་ཁྲོད་ཀྱི་བཞུར་དངོས་གཅིག་མང་དུ་ཕྱིན་པའམ་ཡང་ན་ཆུ་ཉུང་དུ་ཕྱིན་ན། ཕོར་པའི་ནང་གི་གཤེར་ཁུའི་གར་ཚད་ཆེ་རུ་ཕྱིན་ནས་ཚི་ཅན་དུ་འགྱུར་གྱི་ཡོད།

རྒྱུ་མཚན་དེ་དང་འདྲ་བར། ཁྲག་རྒྱུན་ལ་མཚོན་ན་ཕྲ་ཕུང་དམར་པོ་དབྱིབས་འགྱུར་དང་རུབ་བསྡུས། ཁྲག་ལེབ་ཆུང་ངུའི་ཁ་གྲངས་ཇེ་མང་དུ་འགྲོ་བ། ཁྲག་སྐྱོའི་ཁྲོད་ཀྱི་སྤྲི་དཀར་གྱི་གྲུབ་ཆ་ཁ་ཤས་མང་དུ་འགྲོ་བ། ཁྲག་ཚིལ་ཇེ་མཐོར་འགྲོ་བ། དེ་བཞིན་ལུས་པོའི་ནང་གི་ཆུའི་གྲུབ་ཆ་མི་འདང་བ་སོགས་ཚང་མས་ཁྲག་རྒྱུན་གར་པོ་ཆགས་ཀྱི་ཡོད། ཁྲག་གར་པོ་ཆགས་ན་ཁྲག་རྩའི་ཁྲ་ལེབ་དང་། ཁྲག་རེང་། ཐ་ན་སྙིང་དང་ཀླད་པའི་ཁྲག་རྩ་འགག་པ་སོགས་སྲོག་ལ་ཐུག་པའི་ནད་འགྱུར་རབ་དང་རིམ་པ་ཐོན་སྲིད།

ཁྲག་གར་པོ་ཡིན་པའི་བརྡ་རྟགས་ཁག་ལྔ།

མི་མང་ཆེ་བའི་ངོས་ནས་བརྗོད་ན། གལ་ཏེ་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱས་པ་ལས་ཁྲག་གི་གར་ཚད་ཅུང་མཐོ་པོ་ཡིན་པ་ཤེས་ན་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད། གང་ལགས་ཤེ་ན། མིའི་ལུས་ཕུང་ལ་སྙོམས་སྒྲིག་གི་ནང་རྐྱེན་ཆེན་པོ་ལྡན་པས་ཁྲག་རྒྱུན་ཁོར་ཡུག་གི་འགུལ་རྣམ་དོ་མཉམ་སྲུང་འཛིན་བྱེད་ཐུབ།

དར་མ་དང་རྒན་རྒོན། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་མི་ཚོགས་ཀྱིས་ཁྲག་གར་པོར་དོགས་ཟོན་ཆེན་པོ་བྱེད་དགོས་ཤིང་། ལྷག་པར་དུ་དགུན་ཁར་དྲོད་ཚད་དམའ་བའི་རྐྱེན་གྱིས་ཁྲག་རྩ་འཁུམས་པ་དང་། དེའི་ཁར་ཁྲག་གར་པོ་ཆགས་ན་སྙིང་དང་ཀླད་པའི་ཁུར་པོ་མངོན་གསལ་གྱིས་ལྕི་རུ་འགྲོ་བ་དང་། སྙིང་རྩ་འགག་པ་དང་ཀླད་རྩ་འགག་པའི་ཉེན་ཁ་ཡང་དེ་དང་བསྟུན་ནས་ཇེ་མཐོར་འགྲོ་སྲིད།

རིགས་གཅིག་མཁས་ཅན་གྱིས་གཟུགས་པོ་ནས་བརྡ་རྟགས་ཁག་5ཐོན་པའི་ཚེ། ཁྲག་གར་པོ་ཡིན་པའི་དྲན་སྐུལ་གནང་འདུག

■ ཞོགས་པ་ལངས་དུས་མགོ་ཡུ་འཁོར་བ།

ཞོགས་པ་ལངས་དུས་མགོ་བོ་ལྕི་ཞིང་མགོ་ཡུ་འཁོར་བ་དང་རིག་པ་ཉ་བེ་ཉོབ་བེ་ཡིན་པ་མངོན་གསལ་དོད་ན་ཁྲག་གར་པོ་ཡིན་པ་མཚོན།

■ གཉིད་ཅོག་རྒྱག་སླ་བ།

ཁ་ལག་བཟས་རྗེས་གཉིད་ཅོག་རྒྱག་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་ཁྲག་གར་པོ་ཡིན་པའམ་ཡང་ན་ཀླད་པའི་ཁྲག་རྩ་སྲ་འགྱུར་གྱི་མི་ཚོགས་ལ་མཚོན་ན། ནད་རྟགས་འདི་སྔར་ལས་མང་ཞིང་མངོན་གསལ་དོད་པ་ཡོད།

■ པུས་མོ་གུག་ནས་ལངས་སྡོད་སྐབས་བྲང་ཁོག་བསྡམས་པ།

ཁྲག་གི་གར་ཚད་མཐོ་བའི་མི་ཚོགས་ལ་མཚོན་ན། པུས་མོ་གུག་ནས་ལངས་སྡོད་པའི་གནས་སྐབས་སུ་བྲང་ཁོག་བསྡམས་པའི་སྣང་ཚུལ་ཡོང་གི་ཡོད་ཅིང་། དེ་ཡང་ཤ་རྒྱགས་པའི་མི་ལ་སྣང་ཚུལ་དེ་ཅུང་ཟད་མངོན་གསལ་དོད་པོ་ཡོད་ལ་དེ་དང་སྦྲགས་ནས་དབུགས་ཀྱང་ཧལ་གྱི་ཡོད།

■ འགུལ་སྐྱོད་བྱས་རྗེས་མཆུ་ཏོ་སྨུག་པོར་གྱུར་བ།

གལ་སྲིད་མཆུ་ཏོ་སྨུག་པོར་གྱུར་བ་མ་ཟད། འགུལ་སྐྱོད་ཏོག་ཙམ་བྱས་མ་ཐག་ལམ་སེང་དབུགས་ཧལ་བ་དེ་ནི་རྒྱུན་པར་ལུས་ཁམས་ལ་གསོ་རླུང་མི་འདང་བ་དང་ཁྲག་གི་གར་ཚད་ཅུང་མཐོ་བའི་མངོན་ཚུལ་ཞིག་ཡིན་པས། དུས་ཐོག་ཏུ་སྨན་ཁང་དུ་བསྐྱོད་དེ་སྙིང་ཁམས་ཁྲག་རྩའི་ནད་དམ་གློ་ནད་ཡོད་མེད་བརྟག་དཔྱད་བྱེད་དགོས།

■ གློ་བུར་དུ་མིག་རབ་རིབ་ཏུ་གྱུར་བ།

ཁྲག་གར་པོ་ཡིན་པའི་སྐབས་སུ། གློ་བུར་དུ་མིག་རབ་རིབ་ཏུ་གྱུར་བའམ་ཡང་ན་མིག་མདུན་དུ་ནག་ཡོམ་ཡོམ་གྱི་ཚོར་སྣང་འབྱུང་སྲིད། འོན་ཀྱང་འཁྱུག་ཙམ་སོང་རྗེས་རང་བཞིན་དུ་སླར་གསོ་ཡོང་ཐུབ།

ཁྲག་གར་པོ་སྔོན་འགོག་བྱེད་པའི་བྱ་ཐབས་ཁག་ལྔ།

ནམ་རྒྱུན་འཚོ་བའི་ཁྲོད་གཤམ་གསལ་གྱི་བྱ་བ་འདི་དག་ཡག་པོ་བསྒྲུབ་ན་ཁྲག་གར་པོ་སྔོན་འགོག་དང་ཁྲ་སླ་རུ་གཏོང་བར་ཕན་ཐོགས་ཡོད།

■ དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་དགོས།

ཆུ་འཐུང་བ་མི་འདང་བ་དང་རྔུལ་ཆུ་བཞུར་བ་མང་དྲགས་ན། ལུས་པོའི་བཞའ་སྐམ་ནས་ཁྲག་གི་གར་ཚད་ཇེ་མཐོར་འགྲོ་ཡི་ཡོད་ཅིང་། དབྱར་ཁར་སྣང་ཚུལ་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད།  དེས་ན་དུས་ཐོག་ཏུ་གཟུགས་པོར་ཆུ་ཁ་གསབ་བྱེད་དགོས་པ་སྟེ། ཞོགས་པ་མལ་ལས་ལངས་རྗེས་དང་། ལྟོ་དུས་གསུམ་གོང་གི་ཆུ་ཚོད་1 མ་ཉལ་གོང་གི་ཆུ་ཚོད་1བཅས་ཀྱི་དུས་མཚམས་སོ་སོར་ཆུ་འཁོལ་དྲོ་འཇམ་ཧའོ་ཧྲེང་200ཙམ་བཏུངས་ནས་ཁྲག་སླ་རུ་གཏོང་ཐབས་བྱེད་དགོས།

■ ཐ་མག་དང་ཆང་རག་གཅོད་དགོས།

ཐ་མག་ཁྲོད་ཀྱི་དུག་གཤིས་དངོས་པོས་ཁྲག་རྩའི་ནང་ངོས་ཀྱི་བྱེད་ལས་ལ་གཏོར་སྐྱོན་བཏང་ནས་ཁྲག་ལེབ་ཆུང་ངུའི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་། ཕྲ་ཕུང་དམར་པོ་ཉམས་རྒུད་དུ་འགྲོ་མགྱོགས་སུ་གཏོང་གི་ཡོད། ཆང་རག་མང་པོ་བཏུང་ན་སྙིང་དང་ཀླད་པའི་ཁྲག་རྩ་ལ་ཁྲག་དང་གསོ་རླུང་མི་འདང་བའི་ནད་རྟགས་འབྱུང་སྲིད།

■ ཁ་ལག་ལ་དང་དོད་བྱེད་དགོས།

སྲོག་ཆགས་ཀྱི་ནང་ཁྲོལ་དང་མངར་ཟས་མང་པོ་ཟ་རྒྱུ་མེད་པར་རབ་བྱུང་ན་ལྟོ་དུས་གསུམ་ལ་ཞག་ཚི་ཉུང་བ་དང་། རྩིང་ཞིབ་སྡེབ་སྒྲིག་གི་འབྲུ་རིགས། སྔོ་ཚལ་དང་ཤིང་ཏོག་སོགས་མང་ཙམ་བཟས་ནས་གཟུགས་པོར་བཟའ་བཅའི་ཚི་སྣ་འཇུག་ཐུབ་པ་བྱེད་དགོས།

■ འགུལ་སྐྱོད་ལུགས་མཐུན་བྱེད་དགོས།

ཁྲག་གར་པོ་ཡིན་པའི་མིས་འགུལ་སྐྱོད་མང་ཙམ་བྱེད་དགོས་པ་མ་ཟད། ལུས་པོའི་ལྗིད་ཚད་ལ་དོ་དམ་ལེགས་པོ་བྱས་ན་ཁྲག་འཁོར་རྒྱུག་བྱེད་པར་སྐུལ་འདེད་ཐུབ་པ་དང་། ཚིལ་རྫས་བརྗེ་ཚབ་ལེགས་བཅོས་བྱེད་ཐུབ།

■ སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་དགོས།

ཁྲག་གར་པོ་ཆགས་པ་ནི་དངངས་འཚབ་དང་སེམས་ཁྲལ། གནོན་ཤུགས་ཆེ་བ། རྒྱུན་དུ་མཚན་འཁྱོངས་གཏོང་བ། གཉིད་ཡག་པོ་མི་ཁུག་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པས། སེམས་ཞི་ལྷོད་དུ་ཕབ་ནས་རྐྱེན་ངན་དེ་དག་སེལ་ཐབས་ལ་འབད་དགོས། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཁྲག་གར་པོ་ཡིན་པའི་བརྡ་རྟགས་ཁག་ལྔ།

གཞུང་ལམ་སྟེང་དུ་རླངས་འཁོར་དང་མི་ཚོགས་མང་ན་འགྲོ་སྐྱོད་ཁག་ཅིང་ལམ་ཁ་འགག་སྲིད་པ་ལྟར། མིའི་ལུས་པོའི་ཁྲག་གར་པོ་ཡིན་ན་ཁྲག་རྒྱུན་གྱི་མྱུར་ཚད་དལ་དུ་ཕྱིན་ནས་ལུས་ཕུང་གི་ཆ་ཤས་གང་རུང་དང་དོན་སྣོད་གཙོ་བོར་ཁྲག་འཁོར་རྒྱུག་མི་ཐུབ་པར་ཁྲག་དང་གསོ་རླུང་དཀོན་པའི་གནད་དོན་འབྱུང་སྲིད།