ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཕུའུ་ཅིང་དང་ཐེ་རོན་ཕུས་ཆུ་ཚོད་1.5རིང་གླེང་མོལ་ཅི་ཞིག་བྱས་ཡོད་དམ།

2026-05-01 10:44:00     责编:卓玛才让

ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཚེས་29ཉིན་གྱི་དགོང་མོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ལ་ཁ་པར་བཏང་ནས། ཕོ་བྲང་དཀར་པོའི་གསར་འགོད་པའི་མཐུན་ཚོགས་ཀྱི་དགོང་ཚིགས་ཐོག་ཐོན་པའི་མེ་མདའི་དོན་རྐྱེན་དང་། དབྱི་རན་གྱི་དུས་བབ། ཡུག་རེན་གྱི་གནད་དོན་སོགས་ཀྱི་གྲོས་གཞིའི་ཐད་བསམ་འཆར་བརྗེ་རེས་བྱས་ཡོད་ཅེས་བརྗོད་ཡོད།

ཕུའུ་ཅིང་གིས་ཁ་པར་ནང་། ཨུ་རུ་སུས་རྒྱལ་ཁའི་ཉིན་མོའི་དུས་མཚམས་རིང་དམག་མཚམས་འཇོག་རྩིས་ཡོད་ཚུལ་བརྗོད་པ་དང་། ཐེ་རོན་ཕུ་ཡིས་དེའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེ་རོན་ཕུ་ཡིས་ཁ་པར་ནང་ཕུའུ་ཅིང་ལ་ཡུག་རེན་གྱི་གདོང་གཏུག་ཐག་གཅོད་བྱ་རྒྱུ་དམིགས་འབེན་དུ་བྱས་པའི་གྲོས་མཐུན་འཇོག་ཐུབ་ཉེར་ཡོད། གྲོས་མོལ་བརྒྱུད་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ན། ཙེ་ལེན་སི་ཅི་ཡིས་ངེས་པར་དུ་དེའི་གོང་བཏོན་པའི་ཤེས་ཟིན་པའི་གྲོས་འགོར་ལན་ཆ་ཡག་པོ་བྱེད་དགོས་ཞེས་བརྗོད་ཡོད།

ཕུའུ་ཅིང་གིས་ཐེ་རོན་ཕུ་ལ་དམིགས་བསལ་དམག་དོན་བྱ་སྤྱོད་ཁུལ་གྱི་དུས་བབ་ངོ་སྤྲོད་བྱས་ཡོད། ཕུའུ་ཅིང་གིས། དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་དམིགས་འབེན་མངོན་འགྱུར་ཐུབ་ངེས་ཡིན་མོད། འོན་ཀྱང་ཨུ་རུ་སུའི་ཕྱོགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་གྲོས་མཐུན་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཕུའུ་ཅིང་གིས་ཐེ་རོན་ཕུ་ལ། 2025ལོའི་ལོ་འགོ་ནས་བཟུང་ཨུ་རུ་སུས་ཡུག་རེན་ལ་གཡུལ་སར་རྐྱེན་ལམ་དུ་ཤོར་བའི་མི་སྣ་ཁྲི་2ལྷག་ཙམ་གྱི་ཕུང་པོ་རྩིས་སྤྲོད་བྱས་ཡོད་མོད། འོན་ཀྱང་ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་ནས་རྩིས་ལེན་བྱས་པའི་ཕུང་པོ་500ལྷག་ཙམ་ལས་མེད་ཅེས་བརྗོད་ཡོད།

ཕུའུ་ཅིང་གིས་ཐེ་རོན་ཕུས་དབྱི་རན་མཐའ་འཁོར་གྱི་དམག་མཚམས་འཇོག་པའི་ལམ་ལུགས་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ཡང་དག་ཡིན་པ་དང་། དེས་དུས་བབ་བརྟན་ལྷིང་ཡོང་བར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་ཡོད་ཅིང་། ཨ་རིས་དབྱི་རན་ལ་ས་ངོས་ཀྱི་བྱ་སྤྱོད་སྤེལ་བ་ནི་དང་ལེན་བྱེད་ཐབས་བྲལ་བ་མ་ཟད་ཉེན་ཁ་ཆེ་བའི་གདམ་ག་ཞིག་ཡིན་པ་དང་། ཨུ་རུ་སུས་དབྱི་རན་དང་། མཚོ་ཁུག་རྒྱལ་ཁབ། དབྱི་སི་རལ། ཨ་རི་བཅས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚུལ་བསྟན་ཡོད། ཐེ་རོན་ཕུས་ཕུའུ་ཅིང་ལ་རང་ཉིད་ནས་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་དཔྱད་དཔོག་བྱས་པའི་སྐོར་རྒྱས་བཤད་བྱས་ཡོད།

ཝུའུ་ཧྲ་ཁོ་ཧྥུའུ་ཡིས། ད་ཐེངས་ཀྱི་ཁ་པར་ནི་ཨུ་རུ་སུ་ཕྱོགས་ཀྱིས་བཏང་བ་ཞིག་ཡིན་པ་དང་། ཆུ་ཚོད་གཅིག་དང་ཕྱེད་ཀ་ཡན་རྒྱུན་མཐུད་བྱས་ཤིང་། ལྷག་བསམ་ཟོལ་མེད་དང་དངོས་གཉེར་གྱི་ངོ་བོ་ལྡན་ཡོད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཕུའུ་ཅིང་དང་ཐེ་རོན་ཕུས་ཆུ་ཚོད་1.5རིང་གླེང་མོལ་ཅི་ཞིག་བྱས་ཡོད་དམ།