སྒྲིག་སྲོལ་གསར་པ་འདི་དེ་རིང་ནས་ལག་བསྟར་བྱ་རྒྱུ་རེད་འདུག
གསར་འགོད་པས་ཚེས་9ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག "དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་ཚད་མཐུན་མཛུབ་སྟོན་ཚོགས་འདུ་"འཚོགས་ནས། དྲ་སྦྲེལ་ལས་སྟེགས་ཀྱི་ཁེ་ལས་ཁག་ལ་《དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་སྤྱོད་ལམ་སྒྲིག་སྲོལ།》(གཤམ་ནས་《སྒྲིག་སྲོལ།》ཞེས་བསྡུས།)གྱི་བླང་བྱ་དོན་འཁྱོལ་དང་། འགན་འཁྲི་ནན་དུ་གཏོང་བ། རིན་གོང་འགྲན་རྩོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པའི་མཛུབ་སྟོན་བྱས་པ་རེད།《སྒྲིག་སྲོལ།》དེ་ཟླ་བ་4ཚེས་10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཚོགས་འདུའི་ཐོག་ལས་སྟེགས་ཁེ་ལས་ཁག་གཅིག་ལ་རིན་གོང་སྒྲིག་འགལ་གྱི་གནད་དོན་ཐད་བརྡ་ཁྱབ་བཏང་བ་དང་འབྲེལ། ལས་སྟེགས་ལ་འཕྲལ་དུ་ཡོ་བསྲང་དང་། གཅིག་ལས་གཞན་འདེད་ཀྱིས་ངོས་འཛིན་གསལ་པོ། རིན་གོང་ཚད་མཐུན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རང་རྟོགས་ངང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། རིན་གོང་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན།
དང་པོ། ལས་སྟེགས་ཁེ་ལས་ཀྱིས་ཁ་གསབ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། རིན་གོང་གི་འགྲན་རྩོད་ངན་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། ཁ་གསབ་དངུལ་གྲངས་རྫུན་མ་དང་འུད་ཤོབ་ཀྱིས་དྲིལ་བསྒྲགས་བྱེད་མི་ཆོག
གཉིས་པ། ལས་སྟེགས་ནང་ཁུལ་གྱི་ཚོང་པས་རང་བདག་རིན་གོང་གཏན་འཁེལ་གྱི་དབང་ཆར་བརྩི་འཇོག་གང་ལེགས་བྱེད་དགོས་ཤིང་། རིན་གོང་གཏན་འཁེལ་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་གཏན་འགོག་དང་། ལས་སྟེགས་ནང་གི་ཚོང་པར་བཙན་ཤེད་དམ་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་ཚོང་པར་བཙན་ཤེད་ཀྱིས་རང་གི་སྦ་ཁུག་ནས་དངུལ་བཏོན་ཏེ་འགྲེམ་ཚོང་ཐོ་འགོད་བྱེད་དུ་འཇུག་མི་ཆོག
གསུམ་པ། དྲང་བདེན་གཉེར་སྐྱོང་གི་མ་མཐའི་མཚམས་ཐིག་སྲུང་སྟེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། གསལ་འདོན་མ་བྱས་པའི་འགྲོ་གྲོན་གང་ཡང་བསྡུ་མི་ཆོག་ལ། བྲིན་འཚོང་རྫུན་མ་དང་རིན་གོང་གི་མགོ་སྐོར་སོགས་ཀྱི་བྱ་སྤྱོད་གཏན་ནས་སྤེལ་མི་ཆོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




