ཀྲུང་གོའི་AIཡིས་འདེཌ་སྐྱོར་བྱས་པའི་དགུན་དུས་ཀྱི་ཨའོ་རྩལ་འགྲན་ཚོཌ།
སྐབས་25པའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་འཚོགས་ཉེར་ཡོད་པའི་སྐབས་སུ། རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ལག་རྩལ་འགྲེམ་སྤེལ་གྱི་བྱེད་སྒོ་ཞིག་གི་ཐོག་ཏུ། ཨའོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གཞུང་ཕྱོགས་ཀྱི་དཔེ་དབྱིབས་ཆེན་མོ་དང་པོ་དེ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དེས་སྐབས་འདིའི་གངས་འཁྱགས་འགྲན་ཚོགས་ཆེན་མོ་དེར་རིག་ནུས་ཀྱི་ཚོར་སྣང་གང་ལེགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་འདུག

རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པར། ཀྲུང་གོའི་བཟོ་གྲྭས་ལག་རྩལ་གྱི་འདེགས་སྐྱོར་བྱས་པའི་ཨའོ་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་དཔེ་དབྱིབས་ཆེན་མོ་དེ་ཆེད་ལས་འགྲན་བསྡུར་ལས་དོན་དང་སྤྱི་པའི་ཞབས་ཞུའི་སྣེ་ཁུངས་གཉིས་ཀར་དུས་གཅིག་ཏུ་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་། འགྲན་བསྡུར་གྱི་ལས་དོན་ཁུངས་སྣེར། རྒྱལ་ཁབ་ཨའོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་AIལག་རོགས་བརྒྱུད། འཐུས་མི་ཚོགས་པའི་ཁོངས་མི་ཚོས་རང་སྐད་ཡིག་གི་ཐོག་ནས་སྐད་ཆ་དྲིས་ཚེ། དུས་ཐོག་ཏུ་རིམ་ཁག་གཞུང་ཕྱོགས་ཀྱི་ཆ་འཕྲིན་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད་པ་དེས་འགྲན་བསྡུར་གྲ་སྒྲིག་མཐུན་སྦྱོར་བྱེད་པའི་ནུས་པ་ཆེས་ཆེར་མཐོ་ཏུ་བཏང་ཡོད། སྤྱི་འབངས་ཀྱི་ཁུངས་སྣེར། ཨའོ་རྩལ་འགྲན་ཚོགས་ཀྱི་AIལག་རོགས་ཀྱིས་གོ་ལ་ཧྲིལ་པོའི་ལྟད་མོ་བར་ཁ་ཕྱོགས་ནས་དུས་ཐོག་དང་། གནད་སྨིན་གྱི་སྒོ་ནས་འགྲན་བསྡུར་གྱི་སྒྲིག་སྲོལ་དང་ཨའོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སོགས་ཀྱི་དྲི་བར་ལན་འདེབས་ཐུབ་ཀྱི་ཡོད།
རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁོ་ཝན་ཁྲུའེ་ཡིས། རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཨའོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གཞུང་ཕྱོགས་ཀྱི་དཔེ་དབྱིབས་ཆེན་མོ་དང་པོ་དེ་བསྐྲུན་ཡོད། ཀྲུང་གོའི་ལག་རྩལ་གྱིས་སྨི་ལན་གྱི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དེ་ལོ་རྒྱུས་ཐོག་རིག་ནུས་ཆེས་ལྡན་ཤོས་ཀྱི་ཨའོ་རྩལ་འགྲན་ཚོགས་ཤིག་ཏུ་འགྱུར་བ་བྱས་པ་མ་ཟད། ཨའོ་ལིམ་ཕིག་ལུས་རྩལ་ལ་ངེས་གནས་རང་བཞིན་གསར་པ་བསྣན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་འབངས་ལ་ཞབས་ཞུ་བསྒྲུབས་པ་དང་དུས་མཚུངས། ཀྲུང་གོའི་AIལག་རྩལ་གྱིས་སྐབས་འདིའི་དགུན་དུས་ཀྱི་ཨའོ་རྩལ་འགྲན་ཚོགས་བརྒྱུད་སྤེལ་ཁྱབ་སྒྲོག་བྱེད་པའི་ལས་དོན་ནང་གཏིང་ཟབ་ཞུགས་ཡོད། AIཡིས་མཁོ་འདོན་བྱས་པའི་“མདེའུ་འཕུར་དུས་ཚོད་”ཅེས་པ་སོགས་ལག་རྩལ་སྨི་ལན་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ལྟེ་བའི་འགྲན་ར་བཅུའི་ནང་བཀོད་སྒྲིག་བྱས་ནས། རི་མཐོའི་འཁྱགས་ཤུད་དང་། པང་ལེབ་རྐྱང་པའི་འཁྱགས་ཤུད། སྟེགས་མཆོང་འཁྱགས་ཤུད་སོགས་འགྲན་བསྡུར་གྱི་རྣམ་གྲངས་གསུམ་ཆ་གཉིས་ལ་ཁྱབ་ནས་གོ་ལ་ཧྲིལ་པོའི་ལྟད་མོ་བར་གསན་གཟིགས་ཀྱི་མྱོང་ཚོར་གཟབ་རྒྱས་ཤིག་བཤམ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




