ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དོན་དངོས་ཐོག་སྐྲན་ནད་40%ཙམ་ནི་སྔོན་འགོག་ཐུབ་པ་ཞིག་རེད།

2026-02-06 09:35:00     责编:卓玛才让

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་དེའི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་ཀྱིས་ཚེས་3ཉིན་གོ་ལ་ཧྲིལ་པོའི་ཞིབ་འཇུག་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པའི་ནང་། འཛམ་གླིང་ཐོག་གི་སྐྲན་ནད་40%ཙམ་ནི་སྔོན་འགོག་ཐུབ་པ་ཞིག་རེད་ཅེས་བསྟན་འདུག 

སྙན་ཞུའི་ནང་བརྗོད་པར། སྔོན་འགོག་ཆོག་པའི་སྐྲན་སྐྱེད་རྒྱུ་རྐྱེན་རིགས་30ལ་གསར་དུ་ཞིབ་འཇུག་བརྟག་དཔྱད་བྱས་པ་དང་། དེ་དག་ཁྲོད་ཐ་མག་འཐེན་པ་དང་། ཆང་རག་འཐུང་བ། ལུས་པོའི་ཤ་རྒྱགས་དྲགས་པ། ལུས་རྩལ་སྦྱོང་བརྡར་མི་འདང་བ། མཁའ་རླུང་སྦགས་བཙོག་ཆེ་བ་སོགས་དང་། དེ་བཞིན་སྐྲན་ནད་སློང་བའི་ནད་སྲིན་རིགས་9བཅས་ཚུད་ཡོད་པ་རེད། ཞིབ་འཇུག་དེས་གཏན་འཁེལ་བྱས་པར། ཐ་མག་འཐེན་པ་ནི་འཛམ་གླིང་ཐོག་གི་སྔོན་འགོག་ཆོག་པའི་སྐྲན་ནད་སློང་རྐྱེན་ཨང་དང་པོ་དེ་ཡིན་དེ། གསར་དུ་ཐོན་པའི་སྐྲན་ནད་ནད་པའི་ཁྲོད་ཀྱི་15%ཙམ་ཐ་མག་འཐེན་པ་དང་འབྲེལ་བ་ཡོད། རྒྱུ་རྐྱེན་གཉིས་པ་ནི་ནད་སྲིན་འགོས་པ་དང་འབྲེལ་བ་ཡོད་ཅིང་། དེས་10%ཟིན་པ། གསུམ་པ་ནི་ཆང་རག་འཐུང་བ་དང་འབྲེལ་བ་ཡོད་ཅིང་། དེས་3%ཟིན་གྱི་ཡོད།

ཞིབ་འཇུག་དེ་ལས་གསལ་བར། གློ་བའི་སྐྲན་ནད་ནི་གཙོ་བོ་ཐ་མག་འཐེན་པ་དང་མཁའ་རླུང་སྦགས་བཙོག་ཆེ་བ་དང་འབྲེལ་བ་ཡོད་པ་དང་། ཕོ་བའི་སྐྲན་ནད་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ་དང་འབྲེལ་བ་ཡོད་པ། མངའ་སྐེའི་སྐྲན་ནད་མང་ཆེ་བ་ནི་ནུ་ཏོག་སྐྲན་ནད་དུག་སྲིན་འགོས་པ་དང་འབྲེལ་བ་ཡོད།

གཞན་ཡང་། སྐྱེས་པའི་ཁྲོད་གསར་དུ་ཐོན་པའི་སྐྲན་ནད་ནད་པ་23%ཙམ་ནི་ཐ་མག་འཐེན་པ་དང་འབྲེལ་བ་ཡོད་པ་དང་། 9%ཙམ་ནི་ནད་སྲིན་འགོས་པ་དང་འབྲེལ་བ་ཡོད་པ། 4%ཙམ་ནི་ཆང་རག་འཐུང་བ་དང་འབྲེལ་བ་ཡོད། བུད་མེད་ཁྲོད་གསར་དུ་ཐོན་པའི་སྐྲན་ནད་ནད་པ་11%ཙམ་ནི་ནད་སྲིན་འགོས་པ་དང་འབྲེལ་བ་ཡོད་པ་དང་། 6%ཙམ་ནི་ཐ་མག་འཐེན་པ་དང་འབྲེལ་བ་ཡོད་པ། 3%ཙམ་ནི་ཤ་རྒྱགས་དྲགས་པ་དང་འབྲེལ་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དོན་དངོས་ཐོག་སྐྲན་ནད་40%ཙམ་ནི་སྔོན་འགོག་ཐུབ་པ་ཞིག་རེད།