2026ལོའི་དཔྱིད་གསར་དགོང་ཚོཌ་ལ་ལྟ་རིན་ཆེན་པོ་འདུག
ཟླ་2ཚེས་4ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2026ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་པེ་ཅིང་དུ་འཚོགས་ཤིང་། ལེ་ཚན་གསར་རྩོམ་དང་ཚན་རྩལ་བཀོལ་སྤྱོད་ཀྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་པ་དང་། གཙོ་སྐྱོང་པའི་དཔུང་ཁག་དང་གར་སྟེགས་མཛེས་རྩལ་ཇུས་འགོད་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ཝང་ཞའོ་ཀྲེན་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་ལས་དོན་གྲོས་ཚོགས་ཀྱི་ཁོངས་མི་ཅང་ཝུན་པོ། ཀྲུང་དབྱང་དྲིལ་བསྒྲགས་པུའི་རིག་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕེང་ཡུན་སོགས་བྱེད་སྒོར་ཞུགས་ཡོད།
ཅང་ཝུན་པོ་ཡིས་སྤྱི་ཁྱབ་ལས་ཁུངས་ཀྱི་རྟ་ལོའི་དཔྱིད་གསར་དགོང་ཚོགས་ཐོག་ཚན་རྩལ་གསར་གཏོད་ཀྱི་བཀོལ་སྤྱོད་བྱས་ཚུལ་ངོ་སྤྲོད་གནང་བ་རེད། འདི་ལོ་ལུས་ལྡན་འཕྲུལ་མི་སླར་ཡང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐོག་ཐོན་ནས་སྔར་བས་ལྡེམ་མཉེན་ཆེ་བའི་ཞབས་བྲོ་འཁྲབ་རྒྱུ་ཡིན་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་“དབྱང་བརྙན་མཐོང་གི་གསན་གཟིགས་དཔེ་དབྱིབས་ཆེ་གྲས་2.0”དེ་དཔྱིད་གསར་དགོང་ཚོགས་ཀྱི་ནང་དོན་ཕབ་སྐྲུན་བྱེད་པའི་ཐད་ཐོག་མར་བེད་སྤྱད་ཡོད་པས་ལེ་ཚན་སྒྲིག་བཟོའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ཇེ་ཆེར་ཕྱིན་པ། སྤྱི་ཁྱབ་ལས་ཁུངས་ཀྱི་ཆེས་དྭངས་གསལ་གྱི་ལག་རྩལ་ཚད་གཞི་སྤྱད་དེ་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སྨྱན་སྦྱོར་ཡོངས་དང་འཆར་ཤེལ་ཀུན་ལ་འཚམ་པའི་སྤེལ་གཏོང་ཐད་བཀོལ་སྤྱོད་བྱས་པ་བཅས་ཀྱི་ཐོག་ནས། རིག་གནས་དང་ཚན་རྩལ་མཉམ་འདྲེས་གསར་གཏོད་ལག་ལེན་ལ་མུ་མཐུད་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་རྒྱལ་གྱི་གྲོགས་པོ་ཡོངས་ལ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་བཅས་ཕུལ་དུ་བྱུང་ཞིང་། ཚན་རྩལ་ཚོར་སྣང་གི་ཁེངས་པའི་དཔྱིད་གསར་དགོང་ཚོགས་ཀྱི་དགྱེས་སྟོན་གྱ་ནོམ་པ་ཞིག་བཤམ་རྒྱུ་ཡིན་པ་རེད།
རེན་ལུའུ་ཡུས་དང་ས་པེ་ཉིང་། ཉི་ཀེ་མའེ་ཐེ། ལུང་དབྱང་། མ་ཧྥན་ཧྲུའུ། ལིའུ་ཤིན་ཡུའེ་བཅས་ཀྱིས་2026ལོའི་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ཀྱི་པེ་ཅིང་ཚོགས་ར་གཙོ་བོའི་གཙོ་སྐྱོང་གི་འགན་འཁུར་རྒྱུ་ཡིན་པ་རེད། ཧེ་ལུང་ཅང་ཧའར་པིན་ཡན་ལག་ཚོགས་རར་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་དབྱང་ཧྥན་དང་ཧེ་ལུང་ཅང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཅང་ཏུའོ་ཡིས་གཙོ་སྐྱོང་བྱ་རྒྱུ་དང་། ཀྲེ་ཅང་དབྱི་ཝུའུ་ཡན་ལག་ཚོགས་རར་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀུའོ་རུའོ་ཐེན་དང་ཀྲེ་ཅང་རླུང་འཕྲིན་བརྙན་འཕྲིན་ཚོགས་པའི་གཙོ་སྐྱོང་པ་ཧོ་ཁྲོན་གྱིས་གཙོ་སྐྱོང་བྱ་རྒྱུ། ཨན་ཧུའེ་ཧོ་ཧྥེ་ཡན་ལག་ཚོགས་རར་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀྲུའུ་ཞུན་དང་ཨན་ཧུའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་པའེ་ཡུས་ཀྱིས་གཙོ་སྐྱོང་བྱ་རྒྱུ། སི་ཁྲོན་དབྱི་པིན་ཡན་ལག་ཚོགས་རར་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀྲང་ཐའོ་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཝང་ཁྲུའུ་ཧན་གྱིས་གཙོ་སྐྱོང་བྱ་རྒྱུ་བཅས་ཡིན་པ་རེད།
8Kཡི་ཕབ་སྐྲུན་ཐད་རྒྱལ་ཐོན་སྒྲིག་ཆས་ཕྱོགས་ཡོངས་ནས་བེད་སྤྱོད་བྱས་ཡོད་པ་དང་། ཁ་པར་སོགས་ལ་འཚམ་པའི་དྲང་ངོས་འཆར་ཤེལ་གྱི་དཔྱིད་གསར་དགོང་ཚོགས་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་ལག་རྩལ་གསར་ཤོས་ཏེ་NVI(Network Video Infrastructure)སྨྱན་སྦྱོར་ཡོངས་ཀྱི་ཆེས་དྭངས་གསལ་སྒྲིག་བཟོ་ཐད་གཏོང་ལག་རྩལ་ཐོག་མར་བཀོལ་སྤྱོད་བྱས་ཏེ། ཁ་པར་ཐོག་ནས་ཀྱང་དྭངས་ཤིང་གསལ་ལ་དབྱིངས་ཚུད་རྣམ་པའི་ལྟད་མོར་ཉམས་སུ་མྱོང་ཐུབ། རྩ་གསུམ་སྒྲ་ལྡན་ལག་རྩལ་ཡང་འཚོལ་བསྡུ་དང་ཕབ་སྐྲུན། གཏོང་སྤེལ་བཅས་བར་གྱི་སྦྲེལ་ཐག་ཧྲིལ་པོར་ཐོག་མར་མངོན་འགྱུར་བྱུང་ནས། གཟིགས་མོ་བ་རྣམས་ལ་སྙན་ཚད་དེ་བས་ཆེ་ཞིང་གསལ་ཚད་དེ་བས་མཐོ་བ། ཁྱབ་རྒྱ་དེ་བས་ཡངས་པའི་རྣ་བའི་ལོངས་སྤྱོད་དུ་འབུལ་རྒྱུ་རེད། གཞན་ཡང་། ཐོགས་མེད་པར་གཞི་ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རོལ་དབྱངས་འཕྲིན་ལམ་(CCTV-15)ཐོག་ཐེངས་དང་པོར་དུས་མཉམ་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། ལག་བརྡ་འཁྲབ་སྟོན་དང་AIཡིས་ཡིག་གཟུགས་གྲུབ་ནས་མུ་མཐུད་དུ་མི་ཚོགས་ཡོངས་ལ་ལྟད་མོ་བཤམ་གང་ཐུབ་བྱ་རྒྱུ་རེད།
ད་ལོའི་དགོང་ཚོགས་ལ་AIཡི་བྱེད་ནུས་སྣོན་ཡོད་པས། མཐོང་ཚོར་གྱི་ནུས་པར་སྔར་འབྱུང་མྱོང་མེད་པའི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད། AIGCཡི་ལྗོངས་རྒྱུ་དངོས་ཀྱི་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་ཐེངས་དང་པོ་བྱས་ཏེ། ལེ་ཚན་ཁྲོད་དུ་མི་རྣམས་ལ་ཧ་ལས་ཧང་སངས་པའི་མཉམ་འགུལ་གྱི་ལྗོངས་རྣམ་ཉམས་དགའ་ལྷུན་སྡུག་པ་བཟོས་ཡོད། འཁྲབ་སྟོན་ཚོམས་ཆེན་གྱི་གར་སྟེགས་མཛེས་རྩལ་ཇུས་འགོད་སྟབས་བདེ་ཡང་བརྗིད་ཉམས་ཀྱི་ཕྱུག་པ་དང་གྲངས་འཛིན་ཚོད་འཛིན་གྱི་དཔེ་དུམ་ཁག་14ལས་གྲུབ་པའི་“གྱི་ལིང་རྟ་མཆོག་གི་རྩལ་འགྲན་”གར་སྟེགས་ཀྱི་མཛེས་དཔལ་དེ་ཚོན་ལྡན་གློག་འོད་དང་ཟུང་དུ་འབྲེལ་བས་རྟ་མཆོག་ཁྲི་སྟོང་བང་རྩལ་འགྲན་པའི་གར་སྟེགས་ཀྱི་མཛེས་དཔལ་དང་ཉམས་སྣང་བཏོད་ཡོད།
ཟླ་2ཚེས་16ཉིན་གྱི་དགོང་མོའི་ཆུ་ཚོད་8པར། སྤྱི་ཁྱབ་ལས་ཁུངས་ཀྱི་རྟ་ལོའི་དཔྱིད་གསར་དགོང་ཚོགས་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་དང་། ཕྱོགས་བསྡུས་སྒྱུ་རྩལ་འཕྲིན་ལམ། རྒྱ་སྐད་རྒྱལ་སྤྱིའི་འཕྲིན་ལམ། རྒྱལ་སྲུང་དམག་དོན་འཕྲིན་ལམ། ཟློས་གར་འཕྲིན་ལམ། བྱིས་པའི་འཕྲིན་ལམ། རོལ་དབྱངས་འཕྲིན་ལམ། ཞིང་ལས་གྲོང་གསེབ་འཕྲིན་ལམ། 4Kདྭངས་གསལ་འཕྲིན་ལམ། 8Kདྭངས་གསལ་འཕྲིན་ལམ་སོགས་བརྙན་འཕྲིན་འཕྲིན་ལམ་དང་། ཀྲུང་གོའི་སྐད་སྒྲ་དང་། རོལ་དབྱངས་སྐད་སྒྲ། གསུང་རབ་རོལ་དབྱངས་སྐད་སྒྲ། རིག་རྩལ་སྐད་སྒྲ། ཁུག་པ་ཆེན་མོའི་ཁུལ་གྱི་སྐད་སྒྲ། ཐའེ་ཝན་མཚོ་འགག་གི་སྐད་སྒྲ། རྒྱ་སྐད་གོ་ལ་ཧྲིལ་པོའི་རླུང་འཕྲིན། ལྷོ་རྒྱ་མཚོའི་སྐད་སྒྲ། ཀྲུང་གོའི་འགྲིམ་འགྲུལ་རླུང་འཕྲིན་སོགས་རླུང་འཕྲིན་འཕྲིན་ལམ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དང་། དབྱང་བརྙན་མཐོང་། སྤྲིན་སྒྲ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲ་བ། ཀྲུང་དབྱང་རླུང་འཕྲིན་ཁང་གི་དྲ་བ། རྒྱལ་སྤྱིའི་དྲ་བ་སོགས་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་ཐོག་དུས་མཉམ་དུ་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།
CGTN(ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་)ཀྱི་དབྱིན་ཡིག་དང་། སི་ཕེན་སྐད། ཧྥ་རན་སེའི་སྐད། ཨ་རབ་སྐད། ཨུ་རུ་སུའི་སྐད་ཀྱི་འཕྲིན་ལམ་སོགས་ཕྱི་ཕྱོགས་ལ་བརྒྱུད་བསྒྲགས་བྱེད་པའི་ལས་སྟེགས་ཀྱི་སྐད་རིགས་85ཡིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་སྨྱན་སྦྱོར་3300ལྷག་ཙམ་དང་མཉམ་དུ་རྟ་ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐད་གཏོང་དང་གནས་ཚུལ་འགོད་སྤེལ་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




