རྒྱུན་མཐོང་ཟས་རིགས་འདི་དག་ནང་ཚྭ་འདུས་ཚད་མཐོ་པོ་འདུག
ཚྭ་ནི་མིའི་ལུས་པོར་མཁོ་བའི་དངོས་པོ་གལ་ཆེན་ཞིག་ཡིན། འོན་ཀྱང་དུས་ཡུན་རིང་པོའི་ནང་ཚྭ་མང་པོ་མཆོད་པ་ཡིན་ན་གནོད་ཚབས་ཆེ་བ་དང་། ནད་གཞི་མང་པོ་ཞིག་ཚྭ་བཟའ་རྒྱུ་མང་དྲགས་པ་དང་འབྲེལ་བ་ཡོད། <<ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན>>ནང་འོས་སྦྱོར་བྱས་པར། ནར་སོན་པའི་མིས་ཉིན་རེར་ཚྭ་བཟའ་ཚད་ཁེ་5ལས་བརྒལ་མི་རུང་བ་དང་། ཚྭ་ཁེ་5ཞེས་པ་དེ་ནི་ཚྭ་ཧ་ལམ་སྦི་རག་ཤེལ་དམ་གྱི་ཁེབས་གཅོད་གང་ཙམ་དང་འདྲ་པོ་ཡོད།

ཟས་རིགས་འདི་དག་གི་ནང་དུ་ཚྭ་འདུས་ཚད་མཐོ་བས་དུས་རྒྱུན་ཡིད་གཟབ་གནང་དགོས་ཀྱི་ཡོད། དཔེར་ན་ཤ་སྨན་ཅང་ཡིའུ་དང་ཝེ་ཅིང་སོགས་ཀྱི་ནང་ཚྭ་མང་པོ་འདུས་ཡོད། ད་དུང་ཁག་གཅིག་ཁ་ལ་ཟ་དུས་ཚྭ་མེད་པ་ལྟར་སྣང་ཡང་དོན་དངོས་ཐོག་ཚྭ་འདུས་ཚད་མཐོ་པོ་ཡོད།
དང་པོ། ཐུག་སྐམ། ཐུག་པ་དེ་ཚི་དང་ལྡན་པ་ཞིག་ཡོང་ཆེད་བཟོ་གྲས་དེ་བཀན་དུས་ཚྭ་མང་པོ་རྒྱག་པ་དང་། སྤྱིར་ཐུག་པ་དེ་རིགས་ཁེ་100ནང་ནཱ་འདུས་ཚད་ཧའོ་ཁེ་400ཙམ་ཟིན་གྱི་ཡོད།
གཉིས་པ། བག་སོབ། བག་སོབ་བཟོ་དུས་བྲོ་བ་ཞིམ་པོ་ཡོང་ཆེད་དེའི་ནང་ཚྭ་རྒྱག་པ་དང་། བག་སོབ་ལྷེབ་ལྷེབ་གསུམ་ནང་ཚྭ་འདུས་ཚད་ཁེ་4.5ཙམ་ཟིན་གྱི་ཡོད། དེ་དག་ཁྲོད་ད་དུང་ཅོག་ལེབ་བག་སོབ་དང་། པོ་ལོ་བག་སོབ། འོ་ཕྱུར་བག་སོབ་སོགས་ནང་ཚྭ་འདུས་ཚད་དེ་བས་མཐོ་བ་ཡོད།
གསུམ་པ། འཁྱགས་ཞོ། འཁྱགས་ཞོའི་བྲོ་བ་མངར་མོ་ཡིན་ཡང་། དེ་བཟོ་སྐབས་དེའི་ནང་ཚྭ་བླུགས་ཀྱི་ཡོད་པ་དང་། བྲོ་བ་མི་འདྲ་བའི་འཁྱགས་ཞོ་ཁེ་100ཡི་ནང་ནཱ་འདུས་ཚད་ཧའོ་ཁེ་50ནས་300བར་ཟིན་གྱི་ཡོད།
བཞི་པ། འབྲས་རྔོས། འབྲས་རྔོས་བརྔོ་སྐབས་ཀྱང་བྲོ་བ་ཆེ་ཙམ་ཡོང་ཆེད་དེའི་ནང་ཚྭ་བླུགས་ཀྱི་ཡོད་པ་དང་། ནམ་རྒྱུན་ཚོང་ཁང་དང་གློག་བརྙན་ཁང་ནས་འཚོང་བའི་འབྲས་རྔོས་དེ་འདྲ་ཁེ་200ཙམ་ནང་ཚྭ་འདུས་ཚད་ཁེ་5ནས་7.5བར་ཟིན་གྱི་ཡོད་པ་དང་། དེའི་ནང་འདུས་པའི་ཚྭའི་འབོར་ཚད་དེ་མི་གཅིག་གི་ཉིན་གཅིག་ནང་བཟའ་བའི་ཚྭའི་འབོར་གྲངས་དང་གཅིག་པ་རེད།
ལྔ་པ། ལུས་རྩལ་འཐུང་བྱ། ཧའོ་ཧྲེང་600 ཡི་ལུས་རྩལ་འཐུང་བྱ་ལྕགས་ཀྲིན་གཅིག་གི་ནང་ནྭ་འདུས་ཚད་ཧའོ་ཁེ་252ཟིན་པས། དུས་ཡུན་རིང་པོ་ལུས་རྩལ་རྩེད་པའི་དབང་གིས་རྔུལ་ཆུ་འབོར་ཆེན་པོ་ཐོན་པ་དེ་འདྲ་ཡིན་ན་མ་གཏོགས་འཐུང་བྱ་དེ་རིགས་འཐུང་མི་རུང་།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།




