ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གངས་ཤུད་ར་བ་དུས་ཚིགས་བཞི་ཚང་མར་གཉེར་སྐྱོང་བྱེད་ཚུལ་ལ་གཟིགས་དང་།

2025-03-18 09:21:00     责编:卓玛才让

 

     དཔྱིད་མགོའི་དུས་འདིར། རྒྱལ་ཡོངས་ས་གནས་ཁག་གི་གངས་འཁྱགས་དུས་ཚིགས་མཇུག་འགྲིལ་བའི་མཚམས་སུ་སླེབས་ཡོད། གསར་འགོད་པར་རྒྱལ་ནང་གི་གངས་འཁྱགས་ཡུལ་སྐོར་དམིགས་ས་གཙོ་བོ་ཁག་ནས་མཐོང་བར། མ་གཞི་གངས་འཁྱགས་དུས་ཚིགས་མཇུག་འགྲིལ་གྲབས་ཡོད་ཀྱང་མང་ཚོགས་ཀྱིས་གངས་འཁྱགས་ལུས་རྩལ་ལ་བཅངས་པའི་སྤྲོ་སེམས་སྔར་བཞིན་ཆེན་པོ་ཡོད་པ་རེད།
     ཧོ་པེའི་ཀྲང་ཅ་ཁོའུ་ཁྲུང་ལིའི་ཁུལ་དུ་ཉེ་བའི་གཟའ་འཁོར་འགའི་གཟའ་མཇུག་ཏུ་རྟག་པར་གངས་ར་ཆེ་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ཀྱི་ཡོད།

     ཧྲང་ཧའེ་ཡི་ཡུལ་སྐོར་བ་ཅིན་ཀྲུའུ་དབྱིང་གིས། ང་ཧྲང་ཧའེ་ནས་ཡོང་བ་ཡིན། ད་ལོ་འདི་གར་ཡོང་ཐེངས་གསུམ་པ་ཡིན། ད་ཐེངས་གངས་དུས་མཇུག་འགྲིལ་ཁར་འདི་གར་ཡོང་བ་ཡིན་ཞེས་བརྗོད་འདུག

     ཧོ་པེ་ཁྲུང་ལི་ཡི་གངས་འཁྱགས་ནམ་དུས་དེ་ཟླ་བ་གསུམ་པའི་ཟླ་མཇུག་ནས་ཟླ་བ་བཞི་པའི་ཟླ་མགོའི་བར་རྒྱུན་མཐུད་བྱེད་པ་དང་། ཁྲུང་ལི་ཡི་གངས་ཤུད་ར་བ་ཁག་གིས་དུས་ཚོད་དེ་དང་བསྟུན་ནས་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་དང་། དེ་བཞིན་རིན་གོང་གཅོག་པའི་བྱ་ཐབས་སྤྱད་ནས་རྒྱལ་ཡོངས་ས་གནས་ཁག་གི་གངས་འཁྱགས་ལུས་རྩལ་པའི་ཡིད་དབང་འགུག་བཞིན་ཡོད་པ་རེད།

      ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲུང་ལི་ཆུས་རིག་གནས་ལུས་རྩལ་ཅུས་ཀྱི་འགོ་འཛིན་གཞོན་པ་ཧན་ཞའོ་ཡུས་ཀྱིས། སྤྱི་ལོ་2024ལོར་ཁྲུང་ལི་ཡིས་གངས་འཁྱགས་དང་འབྲེལ་བའི་འགྲན་བསྡུར་ཁག་730ཙམ་གཉེར་ཡོད་པ་རེད། བྱེད་སྒོ་དང་འགྲན་བསྡུར་དེ་དག་གིས་ཡུལ་སྐོར་བའི་སྤྲོ་སྣང་འཕེལ་བར་བྱས་པས་ཡུལ་སྐོར་བའི་གྲངས་འབོར་ཇེ་མང་དུ་གྱུར་སོང་ཞེས་བརྗོད་འདུག
      བསྡོམས་རྩིས་ལ་གཞིགས་ན། སྤྱི་ལོ་2024ལོ་ནས་2025ལོའི་གངས་འཁྱགས་དུས་ཚིགས་འཆར་ཚུན། རྒྱལ་ཡོངས་ཀྱི་གངས་ཤུད་ར་བ་ཁག་གིས་སྣེ་ལེན་ཞུས་པའི་མིའི་ཐེངས་གྲངས་རིམ་རྩིས་བྱས་ན་དུང་ཕྱུར་1དང་བྱེ་བ་9ལས་བརྒལ་བ་དང་། དེ་དུས་མཚུངས་ལས་22.8%འཕར་ཡོད། རྒྱལ་ཡོངས་ཀྱི་གངས་ཤུད་ར་བའི་ནང་དུ་འབྲེལ་ཡོད་འཛད་སྤྱོད་སྣ་ཚོགས་བྱས་པའི་འབོར་གྲངས་སྒོར་དུང་ཕྱུར་350ལས་བརྒལ་ཡོད་པ་རེད།
གངས་འཁྱགས་ཀྱི་བྱེད་སྒོ་དེ་དུས་ཚིགས་གཅིག་རང་ལ་འཁྲུག་པོ་ཡོད་པ་ནས་དུས་ཚིགས་བཞིར་འཁྲུག་པོ་ཡོད་པར་གྱུར་བ།
      རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་གྱི་ནམ་དུས་ནི་སྤྱིར་བཏང་བྱས་ན་ཟླ་བ་11པའི་ཟླ་མཇུག་ནས་ཟླ་བ་12པར་འགོ་ཚུགས་པ་དང་། ལོ་གཉིས་པའི་ཟླ་བ་2པའི་ཟླ་མཇུག་ནས་ཟླ་བ་3པའི་ཟླ་འགོར་མཇུག་འགྲིལ་གྱི་ཡོད།
     གངས་འཁྱགས་ནམ་དུས་མཇུག་འགྲིལ་ནས། དུས་ཐུང་ངལ་གསོ་བྱས་རྗེས་ཟླ་བ་ལྔ་པ་ནས་བཟུང་ཧོ་པེ་ཁྲུང་ལི་ཡི་གངས་ཤུད་ར་བ་ཆེ་ཁག་གིས་དབྱར་དུས་གཉེར་སྐྱོང་གི་རྣམ་པ་འགོ་ཚུགས་པ་དང་། དེ་ལྟར་གངས་འཁྱགས་ར་བ་ཁག་ནམ་དུས་གཅིག་ནས་ནམ་དུས་བཞི་ཀར་གཉེར་སྤྱོད་བྱེད་པར་འགྱུར་ཐབས་བྱེད་བཞིན་ཡོད།
     དབྱར་དུས་གཉེར་སྐྱོང་བྱེད་མཁན་སྔ་ཤོས་ཡིན་པའི་ཐའེ་ཝུའུ་གངས་ཤུད་གྲོང་རྡལ་གྱིས་སྤྱི་ལོ་2024ལོའི་དབྱར་དུས་ཡུལ་སྐོར་བ་མི་ཐེངས་ཁྲི་150ལྷག་ལ་སྣེ་ལེན་བྱས་པ་དང་། དེ་ལྟར་ནམ་དུས་གཅིག་ལ་ལས་གཉེར་བྱས་རྗེས་ནམ་དུས་གསུམ་བེད་མེད་དུ་འཇོག་པའི་དཀའ་ཁག་ནས་རིམ་པས་ཐར་ཡོད་པ་རེད།

     ཐའེ་ཝུའུ་གངས་ཤུད་གྲོང་རྡལ་ཆུང་ཆུང་གི་ཚོང་རྟགས་སྤྱི་ཁྱབ་ལྟ་ཞིབ་རེན་ཞའོ་ཆང་གིས། དབྱར་དུས་ང་ཚོའི་གྲོང་རྡལ་གྱི་རི་ཚང་མ་ལྗང་ཐིང་ཐིང་ཡིན་པས། ང་ཚོས་འདི་གའི་རྐང་ཐང་ལམ་བུ་ཡང་རིམ་སྤོར་བྱས་ནས་ཡུལ་སྐོར་བ་རྣམས་ལ་ཕྱི་རོལ་རི་ཁྲོད་ཀྱི་ཉམས་སྣང་ཉམས་སུ་མྱོང་ཐུབ་པ་བྱས་པ་ཡིན་ཞེས་བརྗོད་འདུག

      མིག་སྔར་ཁྲུང་ལི་ཡི་གངས་ཤུད་ར་བ་7གྱིས་དུས་བཞིར་གཉེར་སྐྱོང་བྱེད་པའི་རྣམ་པ་འགོ་བཙུགས་པ་དང་། རྐང་ཐང་ཕྱིར་སྡོད་དང་། ཐང་བགྲོད། རི་ཁྲོད་རླངས་འཁོར་སོགས་ཀྱི་རྣམ་གྲངས་ལ་མི་དེ་བས་མང་བའི་དགའ་བསུ་ཐོབ་བཞིན་ཡོད་པ་དང་། སྣ་མང་ཅན་གྱི་ཕྱི་རོལ་ལུས་རྩལ་དམིགས་ས་ཞིག་རིམ་པས་གྲུབ་བཞིན་ཡོད་པ་རེད།

     ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲུང་ལི་ཆུས་རིག་གནས་ལུས་རྩལ་ཅུས་ཀྱི་འགོ་འཛིན་གཞོན་པ་ཧན་ཞའོ་ཡུས་ཀྱིས། དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གཉེར་ཚར་རྗེས། ང་ཚོའི་འདི་གར་གཞི་རྩའི་ཆ་ནས་ལོ་གཅིག་དུས་བཞིར་གཉེར་སྐྱོང་བྱེད་ཀྱི་ཡོད། སྤྱི་ལོ་2024ལོའི་དབྱར་དུས་ང་ཚོས་མི་ཐེངས་ཁྲི་400ལྷག་ཙམ་ལ་སྣེ་ལེན་བྱས་ཡོད་ཅེས་བརྗོད་འདུག
གངས་འཁྱགས་ལུས་རྩལ་དར་སྲོལ་གྱིས་རྒྱལ་ཐོན་གངས་འཁྱགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་སྐུལ་མ་ཐེབས་པ།
      གངས་འཁྱགས་ཡོ་ཆས་ནི་གངས་འཁྱགས་ལུས་རྩལ་སྤེལ་བའི་རྨང་གཞི་ཡིན་ལ། གངས་འཁྱགས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
      གངས་འཁྱགས་ལུས་རྩལ་ཉིན་བཞིན་དར་ཁྱབ་འགྲོ་བ་དང་བསྟུན་ནས་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་གངས་འཁྱགས་ལུས་རྩལ་ཡོ་ཆས་གྱི་གཞི་ཁྱོན་ཇེ་ཆེར་འགྲོ་བ་དང་། ཐོན་རྫས་ཀྱི་ལག་རྩལ་དང་སྤུས་ཚད་ཀྱང་རིམ་པས་ལེགས་སུ་འགྲོ་བ་དང་། ས་ཆ་མང་པོར་གངས་འཁྱགས་ཡོ་ཆས་ཀྱི་ཐོན་ལས་ཚོམས་ཀྱང་གྲུབ་ཡོད།
      ཀྲང་ཅ་ཁོའུ་གྲོང་ཁྱེར་ཤོན་ཧྭ་གངས་འཁྱགས་ཐོན་ལས་གླིང་ཁུལ་དུ་དཔྱང་འཁོར་དང་གངས་བཟོའི་འཕྲུལ་ཆས་སོགས་སྒྲིག་ཆས་ཆེ་གྲས་ནས་གངས་ཤུད་ཤུད་པང་དང་གངས་ཤུད་གྱོན་ཆས་སོགས་བཟོ་མཁན་བྲེལ་འཚུབ་ཀྱིས་ཁེངས་ཡོད།

      ཀྲང་ཅ་ཁོའུ་ཀྲུང་སོ་གོ་ཡིའུ་དཔྱང་འཁོར་བཟོ་སྐྲུན་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཝང་ཉིང་ཀང་གིས། ང་ཚོའི་ན་ནིང་གི་ལས་གཉེར་ཡོང་འབབ་ཧ་ལམ་སྒོར་དུང་ཕྱུར་1དང་བྱེ་བ་6ཟིན་ཡོད། སྔོན་དཔག་བྱས་ན་སྤྱི་ལོ་2025ལོར་སྒོར་དུང་ཕྱུར་2ལས་བརྒལ་བཟོ་ཡོད་ཅེས་བརྗོད་འདུག

      ཧོ་པེ་ཀྲང་ཅ་ཁོའུ་རུ་ས་གནས་དེ་གའི་གངས་འཁྱགས་ལུས་རྩལ་གྱི་ཁྲོམ་རར་བརྟེན་ནས་གངས་འཁྱགས་ཐོན་ལས་གླིང་ཆེན་པོ་གཉིས་གྲུབ་ཡོད། གངས་འཁྱགས་སྒྲིག་ཆས་དང་ཡོ་ཆས་སྣ་ཚོགས་ས་གནས་དེ་གར་ཐོན་སྐྱེད་དང་བེད་སྤྱོད་བྱེད་པའི་རྨང་གཞིའི་ཐོག ཨུ་རུ་སུ་དང་། རྒྱ་གར། ཧྥི་ལི་ཕིན་སོགས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་བཅུ་བཞིར་ཕྱིར་འཚོང་བྱེད་ཀྱི་ཡོད།

      བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་གསལ་བར། མིག་སྔར་རང་རྒྱལ་དུ་གངས་འཁྱགས་སྒྲིག་ཆས་ཡོ་ཆས་ཐོན་རྫས་ཀྱི་མ་ལག་ཆེ་བ་བཅོ་ལྔ་གྲུབ་ཟིན་ཡོད་པ་དང་། གངས་འཁྱགས་སྒྲིག་ཆས་ཁེ་ལས་ཀྱི་གྲངས་འབོར་ཡང་ཧ་ལམ་གསུམ་བརྒྱ་ནས་དགུ་བརྒྱ་ལ་ཉེ་བའི་བར་འཕར་ཡོད་པ་དང་། བྲིན་འཚོང་ཡོང་འབབ་ཀྱང་སྒོར་དུང་ཕྱུར་50མ་ཟིན་པ་ནས་སྒོར་དུང་ཕྱུར་220བར་འཕར་ཡོད་པ་རེད།
རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་གྱིས་འཛམ་གླིང་གི་གངས་འཁྱགས་ཐོན་ལས་ཀྱི་གནས་སྟངས་ཀྱི་འགྱུར་ལྡོག་ལ་སྐུལ་མ་ཐེབས་པ།
      མིག་སྔར། གངས་འཁྱགས་ཡུལ་སྐོར་ནས་སྒྲིག་ཆས་བཟོ་སྐྲུན་བར། གངས་འཁྱགས་དཔལ་འབྱོར་དེ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་བྱེད་གསར་པར་འགྱུར་བཞིན་ཡོད་པ་དང་། ཆབས་ཅིག་འཛམ་གླིང་གི་གངས་འཁྱགས་ཐོན་ལས་ཀྱི་གནས་སྟངས་ལ་ཡང་འགྱུར་བ་གཏོང་བཞིན་ཡོད་པ་རེད།
      པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་གཉེར་གོང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས། ཀྲུང་གོས་མི་དུང་ཕྱུར་3གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས། གོ་ལ་ཧྲིལ་པོའི་དགུན་དུས་ལུས་རྩལ་མཐོ་ཚད་གསར་པར་སླེབས་པ་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་དགུན་དུས་ལུས་རྩལ་གྱི་དུས་རབས་གསར་པའི་འགོ་རྩོམ་རྒྱུ་རེད་ཅེས་བརྗོད་ཡོད། དེ་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་པར་གཉེར་བ་དང་བསྟུན་ནས་དམིགས་འབེན་དེ་རིམ་པས་མངོན་འགྱུར་བྱུང་ཡོད།

      ཆིང་ཧྭ་སློབ་གྲྭ་ཆེན་མོའི་ལུས་རྩལ་ཐོན་ལས་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞོལ་ལི་ཡིས། མི་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ནང་ཞུགས་པ་དང་བསྟུན་ནས། གངས་འཁྱགས་སློབ་གསོ་གསོ་སྦྱོང་དང་། གངས་འཁྱགས་ཡུལ་སྐོར། གངས་འཁྱགས་འགྲན་བསྡུར་འཁྲབ་སྟོན་སོགས་ཚང་མ་གོང་འཕེལ་ཆེན་པོ་བྱུང་ཡོད་ཅེས་བརྗོད་འདུག

     པེ་ཅིང་དགུན་དུས་དགུན་དུས་ཨོ་རྩལ་འགྲན་ཚོགས་གོང་འཛམ་གླིང་གི་གངས་འཁྱགས་ལུས་རྩལ་གྱི་རྣམ་པ་དང་ཐོན་ལས་ལྟོས་བཅས་ཀྱིས་འཐུས་ཚང་དང་བརྟན་པོ་ཡོད། ཀྲུང་གོ་ནི་གསར་དར་ཁྲོམ་ར་ཞིག་ཡིན་པའི་ངོས་ནས་གངས་འཁྱགས་ལུས་རྩལ་ནང་ཞུགས་པས་འཛམ་གླིང་གི་གངས་འཁྱགས་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

      ཆིང་ཧྭ་སློབ་ཆེན་ལུས་རྩལ་ཐོན་ལས་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞུའེ་ལི་ཡིས། མི་འབོར་དང་འཕེལ་རྒྱས་ཀྱི་འཐུས་ཆ་ཚང་ཚད་ལ་གཞིགས་ན་གངས་འཁྱགས་ཐོན་ལས་མུ་མཐུད་འཕར་བའི་བར་མཐོངས་ཆེན་པོ་མེད། འོན་ཀྱང་ང་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་སྐབས་མི་དུང་ཕྱུར་3གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། མི་གྲངས་དེ་ཧ་ཅང་མང་པོ་ཡིན་པས་འཛམ་གླིང་གི་གངས་འཁྱགས་ཐོན་ལས་ལ་གོ་སྐབས་ཧ་ཅང་ཡག་པོ་ཞིག་སྦྱིན་ཡོད་ལ་འཛམ་གླིང་ཧྲིལ་པོའི་གངས་འཁྱགས་ཐོན་ལས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད་ཅེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

གངས་ཤུད་ར་བ་དུས་ཚིགས་བཞི་ཚང་མར་གཉེར་སྐྱོང་བྱེད་ཚུལ་ལ་གཟིགས་དང་།