སྨན་རྫས་གང་དག་སྨན་བཅོས་འགན་བཅོལ་བརྒྱུད་རྩིས་ཞུ་བྱེད་ཐུབ།
ཅི་ཞིག་ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ཡིན། སྨན་བཅོས་འགན་བཅོལ་དཀར་ཆག་ནང་གི་སྨན་རྫས་ཀྱི་ཆ་འཕྲིན་ཇི་ལྟར་འཚོལ་ཞིབ་བྱེད་དགོས། ཐབས་ཤེས་འདི་ཉར་རོགས།👇
ཅི་ཞིག་ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ཡིན།
འགན་བཅོལ་ནང་ཞུགས་མཁན་མི་སྣའི་གཞི་རྩའི་སྨན་བཅོས་དགོས་མཁོ་འགན་སྲུང་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དོ་དམ་ཚད་ལྡན་དུ་གཏོང་ཆེད།རྒྱལ་ཁབ་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་བཟོས་ཡོད། འགན་བཅོལ་ནང་ཞུགས་མཁན་མི་སྣས་དམིགས་འཛུགས་སྨན་རྫས་ལས་ཁུངས་དུ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་མཐུན་པའི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏན་འབེབས་ལྟར་སྤྲོད་དགོས།
2018ལོར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བཙུགས་པ་ནས་བཟུང་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་རྩ་དོན་ཐོག་ལོ་ལྟར་ཐེངས་རེར་ལེགས་སྒྲིག་བྱས་ཏེ་ནད་ཐོག་དགོས་ངེས་དང་།བདེ་འཇགས་ཕན་ནུས།རིན་གོང་ལུགས་མཐུན་སོགས་གཞི་རྩའི་ཆ་རྐྱེན་དང་མཐུན་པའི་སྨན་རྫས་དེ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་འཇུག་དགོས།
སྨན་བཅོས་འགན་བཅོལ་དཀར་ཆག་ནང་གི་སྨན་རྫས་ཀྱི་ཆ་འཕྲིན་ཇི་ལྟར་འཚོལ་ཞིབ་བྱེད་དགོས།
གོ་རིམ་དང་པོ། “རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ”ཡི་སྐད་འཕྲིན་སྤྱི་སྟེགས་ཐོག་སྨན་བཅོས་འགན་བཅོལ་ཞབས་ཞུ་གནོན་དགོས།→དེ་ནས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་འདྲི་རྩད་དྲ་ངོས་སུ་ཞུགས་དགོས།
གོ་རིམ་པ་གཉིས་པ། ཞིབ་ཕྲའི་སྨན་རྫས་ཀྱི་མིང་ནང་འཇུག་བྱས་ཏེ།འཚོལ་བཤེར་མནན་ན་སྨན་རྫས་དེ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཁྱབ་ཁོངས་སུ་ཡོད་པའི་སྨན་རྫས་རིགས་དབྱེ་དང་ཞིབ་ཕྲའི་རྩིས་ཞུ་རིགས་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་ཤེས་ཐུབ།
རང་ཉིད་ཀྱི་དགོས་མཁོར་གཞིགས་ནས“སྨན་རྫས་རིགས་གང་དགོས་སམ་”ཡང་ན་“སྨན་བཅོས་འགན་བཅོལ་རྩིས་ཞུ་རིགས་”བདམས་ནས་གདམ་གསེས་བྱས་ཆོག
རྩིས་ཞུ་བྱས་པའི་རིགས་ཀྱི་ཁྲོད་རིགས་ཀ་པ་དང་རིགས་ཁ་པ་ནི་ཅི་ཞིག་ཡིན།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་གི་ཕྱི་ལུགས་སྨན་རྫས་དང་ཀྲུང་ལུགས་སྨན་རྫས་རིགས་ཀ་པ་དང་རིགས་ཁ་པ་གཉིས་སུ་དབྱེ་ཡོད།
-
“རིགས་ཀ་པའི་སྨན་རྫས”ཞེས་པ་ནི་ནད་ཐོག་སྨན་བཅོས་བྱེད་པར་དགོས་ངེས་དང་།བཀོལ་སྤྱོད་རྒྱ་ཆེ་བ།ཕན་ནུས་ཆེ་བ།རིགས་མཐུན་སྨན་རྫས་ཁྲོད་རིན་གོང་ངམ་སྨན་བཅོས་འགྲོ་གྲོན་ཅུང་དམའ་བའི་སྨན་རྫས་ལ་ཟེར། འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་རྫས་དེའི་རིགས་སྤྱོད་སྐབས་ཆ་ཚང་རྩིས་སྤྲོད་ཀྱི་ཁྱབ་ཁོངས་སུ་བཅུག་ནས་གཏན་འབེབས་ཀྱི་བསྡུར་ཚད་ལྟར་རྩིས་སྤྲོད་བྱ་ཆོག
-
“རིགས་ཁ་པའི་སྨན་རྫས”ཞེས་པ་ནི་ནད་ཐོག་གསོ་བཅོས་ཁྲོད་འདེམས་སྤྱོད་བྱས་ཆོག་པ་དང་།ཕན་ནུས་ཆེ་ཞིང་རིགས་མཐུན་སྨན་རྫས་ཁྲོད་“རིགས་ཀ་པའི་སྨན་རྫས”ཀྱི་རིན་གོང་ངམ་སྨན་བཅོས་འགྲོ་གྲོན་ལས་ཅུང་མཐོ་བའི་སྨན་རྫས་ལ་ཟེར། འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་རྫས་དེའི་རིགས་སྤྱོད་སྐབས་མི་སྒེར་གྱིས་བསྡུར་ཚད་ངེས་ཅན་ཞིག་རང་གིས་སྤྲོད་དགོས་པ་དང་།ལྷག་མ་རྣམས་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་གཏན་འབེབས་བྱས་པའི་བསྡུར་ཚད་ལྟར་རྩིས་ཞུ་བྱ་ཆོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།