ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དམངས་གཉེར་ཁེ་ལས་ལ་ཕན་པའི་དངུལ་རྩའི་བྱ་ཐབས་མང་པོ་བཏོན་འདུག

2025-03-14 14:53:00     责编:卓玛才让

     ད་ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུའི》ནང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱ་དགོས་ཞེས་བཏོན་ཡོད། ཚོགས་ཆེན་གཉིས་མཇུག་བསྒྲིལ་རྗེས། ཚོང་ལས་དངུལ་ཁང་ཆེ་གྲས་ཁག་གིས་དང་ལེན་ཧུར་ཐག་བྱས་ནས། ཐབས་མང་མཉམ་བཟུང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད།

图片

     ཚེས་12ཉིན། དངུལ་རྩའི་ལས་ཁུངས་མང་པོ་ཞིག་གིས། འབྱུང་འགྱུར་དམངས་གཉེར་ཁེ་ལས་ལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་དངུལ་འབོར་མང་དུ་གཏོང་རྒྱུ་དང་། དུས་ཡུན་རིང་འབྲིང་གི་མ་དངུལ་མཁོ་སྤྲོད་མང་དུ་གཏོང་རྒྱུ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཤར་གཏོང་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

图片

     ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་དཔོན་ལེའོ་ལིན་གྱིས། ང་ཚོས་འབྱུང་འགྱུར་ལོ་གསུམ་ནང་དམངས་གཉེར་ཁེ་ལས་ལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་ཁྲི་6ལས་མི་ཉུང་བ་བྱ་རྒྱུ་དང་། མ་རྐང་དང་བུ་ལོན། དངུལ་བུན། འགན་བཅོལ་སོགས་ཐད་ཀྱི་མ་དངུལ་བསྡུ་སྒྲིལ་ཡོངས་སུ་ཤར་གཏོང་བྱ་རྒྱུ། དུས་འཁོར་ཧྲིལ་པོ་དང་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་ཅེས་བཤད།

图片

     ཀྲུང་གོ་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་དཔོན་ཀེ་ཧའེ་ཅའོ་ཡིས། རྒྱལ་མཚམས་བསྒྲོལ་བའི་མ་དངུལ་བསྡུ་སྒྲིལ་དང་རྒྱལ་སྤྱིའི་བསྡོམས་རྩིས། ཕྱི་རྒྱལ་དུ་མ་འཇོག་ཞབས་ཞུ་བཅས་ཀྱི་ཆེད་ལས་རང་བཞིན་ཆེ་རུ་བཏང་ནས། དམངས་གཉེར་ཁེ་ལས་ཕྱི་རྒྱལ་དུ་ཚོང་གཉེར་བྱེད་པར་བསྐྱོད་རྒྱུ་དང་། ཕྱི་རྒྱལ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན། 2025ལོར་དམངས་གཉེར་ཁེ་ལས་ཀྱི་རྣམ་གྲངས་ཀྱི་འདོད་མོས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་50ལས་བརྒལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་ཡོད།

图片

     ཚེས་13ཉིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་800ཟིན་པའི་ཚན་རྩལ་གསར་གཏོད་ཐེབས་རྩ་སྤྱོད་འགོ་ཚུགས་པ་དང་། “ངང་རྒྱུད་རིང་བའི་མ་རྩ”ཞེས་པར་གནས་ཐིག་གཏན་འཁེལ་བྱས་ཏེ། འགངས་ཆེའི་ཚན་རྩལ་དང་དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཀྲུང་གོ་དངུལ་ཁང་གིས། དེའི་ཁོངས་གཏོགས་ཀྱི་ཚན་རྩལ་གསར་གཏོད་ཨ་མའི་ཐེབས་རྩའི་གཞི་ཁྱོན་དེ་སྒོར་དུང་ཕྱུར་500ལྷག་ཙམ་བར་རྒྱ་སྐྱེད་བཏང་སྟེ། “ངང་རྒྱུད་རིང་བའི་མ་རྩའི”ཡུན་རིང་རིན་ཐང་གྲུབ་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

     པུའུ་དང་ཨུ་ཡོན་ལྷན་ཁང་མང་པོ་ཞིག་གིས་ཀྱང་དངུལ་རྩའི་མ་རྩ་སྔ་ཙམ་འཇོག་པ་དང་ཆུང་བར་འཇོག་པ། ཡུན་རིང་ལ་འཇོག་པ། འགངས་ཆེའི་ཚན་རྩལ་ལ་འཇོག་པ་བཅས་བྱ་རྒྱུར་རྒྱབ་སྐྱོར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ལ་མ་འཇོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད།

图片

     བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཤེད་ཧྲའོ་ཧྥེང་གིས། རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ཐེབས་རྩ་དང་འདུས་གྲུབ་གློག་ལམ་ཐེབས་རྩ། ཁེ་ལས་འབྲིང་ཆུང་གི་ཐེབས་རྩ། མི་ཐབས་རིག་ནུས་ཐེབས་རྩ་སོགས་ཐོན་ལས་ཐེབས་རྩ་4ཡིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་ཙམ་བསྡུ་རུབ་བྱས་པ་དང་ཁེ་ལས་3000ཙམ་ལ་མ་འཇོག་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དམངས་གཉེར་ཁེ་ལས་ལ་ཕན་པའི་དངུལ་རྩའི་བྱ་ཐབས་མང་པོ་བཏོན་འདུག