ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶མིག་མངས་ནོར་བུའི་ཕྲ་རྒྱན། ཕ་ཤུལ་བུ་འཛིན་ཐུབ་སོང་།

2024-11-27 09:19:00     责编:娜科

གངས་ལྗོངས་ཤེས་རིག་ཉིང་བཅུད། །  

མིག་མངས་ནོར་བུའི་ཕྲ་རྒྱན། །

སློབ་སྔོན་སློབ་གསོར་ཁྱབ་པས། །

ཕ་ཤུལ་བུ་འཛིན་ཐུབ་སོང་། །

 

ཇི་སྐད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གཟིགས་རྒྱང་རིང་པོས་འགོ་འཛུགས་ས་གསར་པའི་ཐོག་རིག་གནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ།   ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་པ་བཅས་ནི་ང་ཚོའི་ཕྲག་སྟེང་དུ་བབས་པའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཞིག་རེད་ཅེས་བཀའ་སློབ་གནང་བ་བཞིན། ང་ཚོ་ཚང་མར་ཀྲུང་ཧྭ་རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ལྷག་བསམ་ཡོད་དགོས།

 

 

སློབ་གྲྭ་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་བསམ་བློ་འཛུགས་པའི་གཡུལ་ས་གལ་ཆེན་ཞིག་ཡིན་པའི་ངོས་ནས། འདི་ལོའི་དགུན་ཟླ་ར་བའི་སྤྱི་ཟླ་11པའི་ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་གསོ་ཅུས་ཀྱི་སློབ་སྔོན་སློབ་གསོ་ཚན་ཁག་དང་ལུས་རྩལ་སློབ་གསོ་ཚན་ཁག་གཉིས་ཀྱིས་མཉམ་སྡེབ་ཐོག་རྫོང་དེ་ཡོངས་ཀྱི་བུ་གསོ་ཁང་20ལྷག་ཙམ་གྱི་དགེ་རྒན་ལ་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་རོལ་རྩེད་མིག་མངས་ཀྱི་གསོ་སྦྱོང་སྤེལ་འགོ་ཚུགས་པ་རེད།

 

 

ཐེངས་འདིའི་མིག་མངས་གསོ་སྦྱོང་གི་དུས་ཡུན་ཉིན་5ཡིན་ཞིང་། རྒྱལ་ཡོངས་བོད་ཀྱི་མིག་མངས་རིགས་གཅིག་མཁས་དབང་རྒན་ངག་དབང་སྤེན་པ་ལགས་ཀྱིས་བུ་གསོ་ཁང་གི་དགེ་རྒན་རྣམ་པར་མིག་མངས་དམར་ཁྲིད་གནང་བ་བརྒྱུད། དགེ་རྒན་རྣམ་པས་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་བཞིན་བུ་བཅོལ་ཁང་གི་ན་ཆུང་སློབ་མ་རྣམས་ལ་སློབ་ཁྲིད་ཀྱིས་གཅིག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ལ་རྔོ་ཐོགས་པ་དང་། གཉིས་ནས་རོལ་རྩེད་ཀྱི་རྣམ་པའི་ཐོག་ནས་བྱིས་པའི་གཏན་ཚིགས་ཀྱི་བསམ་གཞིག་ནུས་པ་དང་བློ་རིག་འཕེལ་བར་ཕན་ཐོགས་ཆེན་པོ་ཡོང་ཆེད་ཡིན།

 

 

བོད་ཀྱི་མིག་མངས་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་བོད་མི་རིགས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ་2021ལོར་བོད་ཀྱི་མིག་མངས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དེས་བོད་ཀྱི་སྔོན་བྱོན་མེས་པོས་བཞག་པའི་ཤུལ་ནོར་མིག་མངས་ཀྱི་རིག་གནས་རིན་ཐང་ལ་གཞུང་ཕྱོགས་ཀྱིས་ཁས་ལེན་དང་གཟིགས་མཐོང་གང་ལེགས་ཐོབ་ནས་དེ་ཉིད་མུ་མཐུད་དཔྱིད་ཀྱི་གྲུ་ཆར་ཁྲོད་ཀྱི་ལྗང་ལོ་བཞིན་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཐུབ་རྒྱུར་རྒྱབ་སྐྱོར་ནུས་ལྡན་ཐོབ་ཡོད། །

 

 

སྔོན་བྱོན་མེས་པོའི་བློ་གྲོས། ། 

མིག་མངས་རྡེའུ་དཀར་ནག །

སྟོང་ལོའི་ཡུལ་དུས་བརྒལ་ནས། །

སྐྱེ་སྟོབས་དཔལ་ཡོན་རྒྱས་སོང་། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

གསར་འགོད་པ། གངས་ཕྲུག་བློ་རྒྱ། ཚེ་བརྟན་དབང་ཕྱུག

中央广播电视总台 央广网 版权所有

▶མིག་མངས་ནོར་བུའི་ཕྲ་རྒྱན། ཕ་ཤུལ་བུ་འཛིན་ཐུབ་སོང་།