ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཧྥི་ལི་ཕིན་དུ་མེ་སྐྱོན་བྱུང་ནས་མི་8000ཙམ་ཆཊ་རྟེན་མེད་པར་གྱུར་བ།

2024-11-27 09:17:00     责编:娜科

 

 

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན། ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལའི་གྲོང་མིའི་སྡོད་ཁུལ་ཞིག་ཏུ་མེ་སྐྱོན་བྱུང་བས་ཁང་པ་སྟོང་ཕྲག་ཁ་ཤས་མེར་བསྲེགས་ཐེབས་པས་མི་8000ཙམ་ཆགས་ས་རྟེན་ས་མེད་པར་གྱུར་བ་དང་། མིག་སྔར་མི་སྣ་འཆི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད། 

མེ་སྐྱོན་ཐོན་པའི་གྲོང་མིའི་སྡོད་ཁུལ་དེ་ནི་ཐུང་ཏུའོ་ཆུས་ཕུའུ་ཐིང་པ་ཐོ་གླིང་ཕྲན་དུ་གནས་པ་དང་། འདི་གར་མ་ནི་ལའི་གྲུ་ཁ་བྱང་མའི་དོས་སྒམ་གྲུ་ཁ་དང་ཐག་ཉེ་ཞིང་། དེ་ནི་མ་ནི་ལའི་དབུལ་ཕོངས་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་རེད། དེ་གའི་སྡོད་ཁང་ཡང་བའི་རྒྱུ་ཆས་བསྐྲུན་པ་མ་ཟད། རུབ་བསྡུས་ཆེ་བའི་དབང་གིས་མེ་བྱེར་འགྲེམས་སུ་འགྲོ་མགྱོགས་པོ་ཡོད། 

 

 

མ་ནི་ལའི་མེ་ཟོན་སྡེ་ཚན་གྱིས་མེ་ཆེན་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་ནས་འབར་འགོ་ཚུགས་པ་དང་། རིམ་པ་དང་པོའི་ཉེན་བརྡ་བཏང་བ་དང་། དེ་རྗེས་ཆུ་ཚོད་8དང་སྐར་མ་16ཐོག་རིམ་པ་ལྔ་པའི་ཉེན་བརྡར་རིམ་སྤར་བྱས་ཡོད་ཅེས་བརྗོད་པ་རེད།

ས་གནས་དེ་གའི་ཡུལ་མི་ཏའེ་ཤིས། སྐབས་དེར་ང་ཚོ་ཞོགས་ཟས་བཟའ་བཞིན་པའི་སྒང་ཡིན། ཕྱི་རོལ་དུ་མི་ཞིག་གིས་མེ་སྐྱོན་ཐོན་འདུག་ཅེས་འུར་རྒྱག་པ་ཐོས་བྱུང་། ང་ཚོ་སྒོའི་ཕྱིར་ཐོན་མ་ཐག་དུ་ཞག་ལང་ལོང་དུ་འཕྱུར་བ་མཐོང་ཁར། ཚང་མས་དངངས་སྐྲག་དང་བཅས་རང་ཁྱིམ་གྱི་རྒྱུ་ནོར་འཁྱེར་ནས་བྲོས་འགྲོ་གི་འདུག ང་ཚོས་ཀྱང་དེ་མ་ཉིད་དུ་ཁྱིམ་གྱི་རིན་ལྡན་ཅ་དངོས་འཁྱེར་ནས་ཕྱིར་བསྐྱོད་པ་ཡིན་ཞེས་བརྗོད།  

 

 

ས་གནས་དེ་གའི་གྲོང་མི་ཨེ་ལི་ཁེས།  ཁྱིམ་གྱི་རྒྱུ་ནོར་ལ་བསམ་བློ་གཏོང་ལོང་མ་བྱུང་བར། གང་མགྱོགས་ངང་སྔོན་ལ་ཕྲུ་གུ་ཚོ་སྐྱོབ་དགོས་སྙམ་བྱུང་ཞེས་བརྗོད། 

མེ་སྐྱོན་ཐོན་རྗེས་ཧྥི་ལི་ཕིན་མཁའ་དམག་གིས་ཐད་འཕུར་གནམ་གྲུ་གཉིས་བཏང་ནས་མེ་གསོད་རོགས་བྱས་པ་དང་། མེ་ཟོན་སྡེ་ཚན་གྱིས་ཉུང་མཐར་ཡང་མེ་ཟོན་རླངས་འཁོར་66དང་མེ་ཟོན་གྲུ་གཟིངས་4བཏང་ནས་མེ་གསོད་རོགས་བྱས་ཡོད། དུས་ཡུན་ཆུ་ཚོད་6ལྷག་ཙམ་གྱི་བྱ་སྤྱོད་སྤེལ་བ་བརྒྱུད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ་མེ་འབར་ཤུགས་ཚོད་འཛིན་ཐུབ་ཡོད། མ་ནི་ལ་གྲོང་ཁྱེར་སྲིད་གཞུང་གིས་ཕུའུ་ཐིང་པ་ཐོ་གླིང་ཕྲན་གྱི་གནོད་འཚེ་ཕོག་ཁུལ་དེ་གོད་ཆག་གི་གནས་སུ་གྱར་བའི་ཁྱབ་བསྒྲགས་བྱས་པ་དང་། རོགས་སྐྱོར་དང་བསྐྱར་སྐྲུན་གྱི་ལས་དོན་སྤེལ་མུས་ཡིན་པ་རེད། 

 

 

ས་གནས་དེ་གའི་ཚོང་གཉེར་བ། གྲོང་མི་ཨེར་ཝེ་ལ་ཡིས། ངའི་ཚོང་ཁང་མེར་བསྲེགས་ཐེབས་ཁར། ཁྱིམ་ཡང་མེར་བསྲེགས་ཐེབས་པས། ད་ཆ་གང་ཡང་མེད་པར་གྱུར་སོང་། ང་ཚོ་ཅི་ཞིག་ཟ་དགོས་སམ། གང་ཞིག་འཐུང་དགོས་སམ། ད་ལྟའི་གནས་བབ་འདི་ལས་སྐྱོ་བ་ཞིག་གང་དུ་ཡོད་ཅེས་བརྗོད་པ་རེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ལྷ་སྟག་མཚོ།

中央广播电视总台 央广网 版权所有

▶ཧྥི་ལི་ཕིན་དུ་མེ་སྐྱོན་བྱུང་ནས་མི་8000ཙམ་ཆཊ་རྟེན་མེད་པར་གྱུར་བ།